རྡོ་རྗེ་གླིང་དུ་འཁྲུངས་སྐར་སྲུང་བརྩི།
2013.07.08

༄༅༎རྒྱ་གར་བྱང་ཤར་རྡོར་རྗེ་གླིང་ས་གནས་འགོ་འཛིན་ལས་ཁང་ནས་སྤེལ་བའི་གནས་ཚུལ་ནང་འཁོད་དོན་ལྟར་ན། ཕྱི་ཟླ་ ༧ ཚེས་ ༦ ཉིན་རྡོར་གླིང་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ངང་ཞུས་ཡོད་འདུག
དེ་ཡང་རྡོར་གླིང་གཏན་སློབ་ཀྱི་ཚོགས་ཁང་ནང་གཞུང་འབྲེལ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ས་གནས་རྫོང་དཔོན་སྐུ་ཞབས་Dr. Saumitra Mohan མཆོག་དང། དམིགས་བསལ་སྐུ་མགྲོན་སྐྱབས་རྗེ་ཐུགས་བརྩེ་རིན་པོ་ཆེ་མཆོག དེ་བཞིན་རྡོར་གླིང་གཏན་སློབ་ཀྱི་སློབ་ཕྲུག་དང་མི་མང་བཅས་ནས་མཛད་སྒོའི་ནང་མཉམ་ཞུགས་གནང་འདུག
ཐོག་མར་སྐྱབས་རྗེ་ཐུགས་བརྩེ་རིན་པོ་ཆེ་མཆོག་དང་རྡོར་གླིང་ས་གནས་འགོ་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། རྡོར་གླིང་ས་གནས་འགན་འཛིན་གྱིས་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུང་བཤད་སྒྲོག་སྦྱང་གནང་འདུག་ལ། སྐུ་མགྲོན་གཞན་རྣམས་ཀྱིས་རིམ་བཞིན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས། གཞས་སྣ་ཁག་འཁྲབ་སྟོན་དང་ས་གནས་ཡུལ་མི་རྣམས་ལ་མངར་བཟས་བགོ་འགྲེམས་གནང་ནས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་ཟབ་རྒྱས་ངང་ཞུས་ཡོད་པའི་གནས་ཚུལ་འདུག།