བོད་ལ་ཕྱིར་ལོག་མཁན་ཚོར་ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་དང་རྗེས་འདེད་རིགས་གཏོང་བཞིན་ཡོད་འདུག

2022.07.20
བོད་ལ་ཕྱིར་ལོག་མཁན་ཚོར་ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་དང་རྗེས་འདེད་རིགས་གཏོང་བཞིན་ཡོད་འདུག བོད་ནང་གི་མགོ་ལོག་ཁུལ་གྱི་རྫོང་ཞིག་ནང་ཆེད་འཛུགས་བྱས་པའི་ཕྱི་སྡོད་གཞུང་ལས་ཁང་ཟེར་བའི་པར་རིས།
Photo/RFA

རྒྱ་ནག་གཞུང་གིས་ནམ་རྒྱུན་རྒྱ་གར་གཙོས་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ལ་ཕྱིར་ལོག་མཁན་ཚོ་རྣམ་པ་འདྲ་མིན་གྱི་ཐོག་ནས་། ལྟ་རྟོག་དང་རྗེས་འདེད་རིགས་གཏོང་བཞིན་པའི་གནས་ཚུལ་འབྱུང་དང་བྱུང་མུས་ཡིན་ཞིང་། དཔེར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁུལ་མགོ་ལོག་དང་། རྔ་བ་ཁུལ་གྱི་རྫོང་ཁག་གི་ནང་རྒྱ་གར་ནས་ཕྱིར་བོད་ལ་ལོག་མཁན་ཚོར། དུས་ངེས་མེད་དུ་སྐད་བཏང་སྟེ། ཆབ་སྲིད་དང་འབྲེལ་བའི་སྐད་ཆ་གང་བྱུང་བཤད་མི་ཉན་པ་དང་། རྒྱ་ནག་གི་སྲིད་བྱུས་འོག་ཏུ་འཚོ་བ་སྐྱིད་པོ་བྱས་ཏེ་རོལ་དགོས་པ་སོགས་ཀྱི་ཚོགས་འདུ་ཚོགས་བཞིན་ཡོད་པ་མ་ཟད། དུས་ནས་དུས་སུ་ཁ་པར་བརྒྱུད་འདྲི་རྩད་རིགས་བྱེད་བཞིན་ཡོད་པ་བོད་ནང་དང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས། སྤྱིར་བོད་དུ་ལོག་མཁན་ཚོར་རྒྱ་ནག་གི་འཕེལ་རྒྱས་ལ་གཟིགས་སྐོར་དགོས་པར་བརྗོད་དེ། ལོ་ལྟར་དགུན་ཁར་ཚོགས་ཁག་ཆེད་བགོས་ཀྱིས་རྒྱ་ནག་ཁྲང་ཨན་གྲོང་ཁྱེར་དང་། ཧྲན་ཞི་ཞིང་ཆེན་གྱི་ཡུལ་ལྗོངས་མཛེས་པའི་ས་ཁུལ་ཁག་ཅིག་ནང་ལྟ་སྐོར་དུ་ཁྲིད་པ་དང་མཉམ་དུ་རྒྱ་ནག་ལ་ཡར་རྒྱས་ཕྱིན་ཡོད་པས། འཚོ་བ་སྐྱིད་པོ་ཡིན་པའི་ཆབ་སྲིད་སློབ་གསོ་སྤྲོད་པ་དང་། ཡང་དབྱར་ཁའི་སྐབས། ཆེད་དུ་སྐད་བཏང་སྟེ་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་རིགས་བཤད་མི་ཉན་པ་སོགས་ཀྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཕྱིར་ལོག་མཁན་ཚོར་ཡིག་ཆ་དང་ཐོབ་ཐང་ལག་འཁྱེར་སོགས་བཟོ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག དཔེར་ན། གནས་ཚུལ་མཁོ་སྤྲོད་པ་ཁོང་ལྟ་བུ་མཚོན་ན། ཕྱིར་ལོག་ནས་ལོ་གསུམ་ཕྱིན་ཡོད་ནའང་། ད་དུང་རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་བཟོ་མ་ཐུབ་པའི་དཀའ་ངལ་མུ་མཐུད་འཕྲད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་༢༠༡༨ལོ་ནས་བཟུང་བོད་ཀྱི་ས་ཁུལ་མང་པོ་ཞིག་ནང་“ཕྱི་སྡོད་རང་མིའི་གཞུང་ལས་ཁང”་ཟེར་བ་ཆེད་འཛུགས་ཀྱིས། ལས་ཁུངས་དེ་དག་བརྒྱུད་ཕྱི་ལ་ཡོད་པའི་བོད་མི་ཚོ་འགུག་ཐབས་ཀྱི་ཤུགས་སྣོན་རྒྱག་གི་ཡོད་འདུག ཡང་མིང་འབོད་གནང་འདོད་མེད་པའི་བོད་མི་ཁོང་གིས་མུ་མཐུད་གསུངས་དོན། ལྷ་ས་ལྟ་བུར་མཚོན་ན། དེ་སྔ་ནས་བོད་ལ་ཕྱིར་ལོགས་མཁན་རིགས་ལ་དམ་དྲག་ཆེན་པོ་བྱེད་མུས་ཡིན་པ་བཞིན། ད་ལྟའི་ཆར་བོད་ལ་ལོག་མཁན་ཚོའི་ཁ་པར་ལ་ལྐོག་ཉན་དང་ཞིབ་བཤེར་རིགས་རྒྱུན་ལྡན་ངང་ཡོང་གི་ཡོད་པ་མ་ཟད། ༸སྐུའི་འཁྲུངས་སྐར་ལྟ་བུ་དམིགས་བསལ་དུས་ཚེས་ཁག་ལ་ཁོ་ཚོའི་རིགས་ལ་དོགས་ཟོན་དང་ས་ཆ་གཞན་གང་དུ་འགྲོ་སྐྱོད་ཀྱི་གནས་ཚུལ་རྣམས་གཞུང་ལ་ཡར་ཞུ་དགོས་པ་དང་། བོད་ལ་ཕྱིར་ལོག་པའི་རྗེས། ཁ་པར་ཨང་གྲངས་དང་སྐད་འཕྲིན་སོགས་ཁོ་ཚོར་སྤྲོད་དགོས་པ་དང་། བདུན་ཕྲག་རེའི་མཚམས་ནས་ཁ་པར་ཡོང་སྟེ་གནས་ཚུལ་འདྲི་ཞིབ་རེ་བྱེད་བཞིན་ཡོད་འདུག་ཅིང་། འདྲི་ཞིབ་ཀྱི་སྔོན་ནས་ཁོ་ཚོས་མི་དེ་གང་དུ་ཡོད་པ་དང་སྐད་ཆ་ག་རེ་བཤད་བཞིན་ཡོད་སོགས་ཇི་བཞིན་ཤེས་པ་མ་ཟད། ཐ་ན་ཡུལ་ཕྱོགས་གཞན་ལ་ཕྱིན་ཏེ། ཟ་མ་གང་ནས་ཟོས་པ་དང་མི་སུ་དང་སུ་ཐུག་འཕྲད་བྱས་པ་སོགས་ཤེས་རྟོགས་བྱུང་གི་ཡོད་པ་བརྗོད་བྱུང་།

དེང་སྐབས་རྒྱ་ནག་གཞུང་གིས། བོད་ཕྱི་ལ་ཡོད་མཁན་ཚོ་བོད་ལ་ལོག་ཐབས་སུ་ཐབས་བྱུས་འདྲ་མིན་འཐེན་བཞིན་ཡོད་ཅིང་། རྡ་རམ་ས་ལ་གཙོས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཁག་ཅིག་ལ་ཆེད་དུ་འབྲེལ་བ་བྱས་ཏེ། ཕྱིར་བོད་ལ་ལོག་མིན་དང་རྒྱ་གར་ནང་ལས་ཀ་ག་རེ་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་སྐད་ཆ་འདྲི་བཞིན་པའི་གནས་ཚུལ་ཐོན་བཞིན་པ་རེད།

བོད་ནང་གི་ནང་མི་སྤུན་ཉེ་ཚོའི་བདེ་འཇགས་ཆེད་དུ་མིང་འབོད་གནང་འདོད་མེད་པ་རྒྱ་གར་ནང་གནས་སྡོད་མཚོ་སྔོན་ནས་ཡིན་པའི་བོད་མི་ཞིག་གིས། ཁ་སྔོན་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཤུགས་ཆེར་ཁྱབ་གདལ་འགྲོ་བཞིན་སྐབས། རྒྱ་ནག་གཞུང་གིས། སྐད་འཕྲིན་བརྒྱུད་ཁོང་ལ་དངུལ་བཏང་ཡོད་ཀྱང་། ཁོང་གིས་ངོས་ལེན་བྱས་མེད་པ་མ་ཟད། སྔ་ཕྱིར་ཁ་པར་བཏང་སྟེ། བོད་ལ་ཕྱིར་ལོག་དགོས་པའི་སྐོར་བཤད་པ་དང་།  ཆེད་དུ་ཁོང་གི་ཁྱིམ་དུ་མི་སྣ་བཏང་སྟེ་ཕ་མ་ཚོར་འདྲི་ཞིབ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཆ་ནས་བོད་ལ་ཕྱིར་ལོག་མཁན་ཚོ་དེ་སྔ་བྲོས་བྱོལ་བྱས་པའི་རྐྱེན་རྒྱ་ནག་གི་ཁྲིམས་དང་འགལ་ཡོད་པ་ཡོངས་གྲགས་ཡིན་པར་རྟེན། རང་བཞིན་གྱིས་མིང་ཐོ་ནག་པོ་ཆགས་ཡོད་པ་རེད།  འོན་ཀྱང་། སྔར་ལོ་བོད་ནང་གི་མཛོད་དགེ་ཕྱོགས་སུ་བོད་ལ་ལོག་མཁན་ཚོར་རྒྱ་ནག་གི་ཆབ་སྲིད་དང་འགལ་བའི་ལས་ཀ་སོགས་མ་བྱས་ན། ་མིང་ཐོ་ནག་པོ་ནས་མེད་པ་བཟོ་རྒྱུ་ཡིན་པ་བརྗོད་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎