མདོ་སྟོད་སྨར་ཁམས་ཁུལ་དུ་གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ།
2009.05.16
༄༅༎བོད་ཀྱི་མདོ་སྟོད་སྨར་ཁམས་ཁུལ་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་ལ་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གཤམ་ཤུལ་ཆུས་སྟག་ར་ཤང་ནང་གསེང་དངུལ་ལོ་ཟེར་བའི་གནས་རི་དེ་ནས་རྒྱ་ནག་གཞུང་གིས་གཏེར་ཁ་བསྔོག་འདོན་བྱས་པར་ས་ཁུལ་གྱི་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་རྗེས་ན་ནིང་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་མཚམས་འཇོག་བཞག་བཅུག་ཡོད་པ་རེད།
གྱོད་གཞི་དེའི་རྐྱེན་གྱིས་ཁ་སྔོན་ཕྱི་ཟླ་བཞི་པའི་ཚེས་བཞི་ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུ་ཞི་གཞོན་པ་པད་མ་འཕྲིན་ལས་ལགས་སྨར་ཁམས་ཁུལ་དུ་གྱོད་བཤད་བྱེད་པར་སླེབས་སྐབས་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་ཏེ་ཁོང་ས་གནས་དེ་ནས་ཕྱིར་འབུད་བཏང་ཡོད་པ་རེད། དེའི་རྗེས་སུ་ས་གནས་ཀྱི་རྒྱ་ནག་སྲིད་གཞུང་གིས་བོད་མི་ལྔ་བཅུ་ལྷག་འཛིན་བཟུང་བྱས་ཐོག་རྡུང་རྡེག་ཤུགས་ཆེ་བཏང་རྗེས་མཐར་གློད་བཀྲོལ་ བཏང་ཡོད་པ་རེད། དུས་དེ་ནས་བཟུང་ད་བར་ཞི་འཇམ་ངང་གནས་མུས་ཡིན་ནའང་ཟླ་བ་འདིའི་ཚེས་བཅུ་དྲུག་ཉིན་གློ་བུར་དུ་རྒྱ་ནག་གི་དམག་མི་དང་ཉེན་རྟོག་མི་སྣ་དེ་བཞིན་གཏེར་ཁ་བསྔོག་འདོན་བྱེད་མཁན་རྒྱ་མི་སོགས་མི་མང་ཁྱོན་ཆེན་ཞིག་གིས་ས་ཁུལ་དེར་ཁྱབ་ནས་བསྡད་ཡོད་པ་མ་ཟད་གཏེར་ཁ་བསྔོག་འདོན་བྱེད་པར་བོད་མི་སུ་འདྲ་ཞིག་གིས་བཀག་འགོག་བྱས་པ་ཡིན་ན་འཛིན་བཟུང་བྱེད་ཀྱི་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པ་རེད། བོད་མི་དེ་ཡིས་ད་དུང་གནས་ཚུལ་ངོ་སྤྲོད་བྱས་གསལ་ལྟར་ན་དེ་སྔོན་ས་ཁུལ་གྱི་བོད་མི་ཚོར་ཟླ་བ་གཅིག་དང་ཉི་མ་བཅུའི་རིང་རྒྱ་ནག་གཞུང་གིས་སློབ་གསོ་སྤྲད་ཡོད་པ་དང་བོད་མི་ཚོའི་བསམ་པར་ད་ནི་རྒྱ་ནག་གཞུང་གིས་ས་ཁུལ་དེ་ནས་གཏེར་ཁ་བསྔོག་འདོན་བྱེད་ས་མ་རེད་བསམ་པའི་རེ་བའི་ངང་བོད་མི་རྣམས་སོ་སོའི་སྡོད་ཡུལ་དུ་ཕྱིར་ལོག་བྱས་ཡོད་པ་རེད། ཞི་འཇམ་གྱི་སྐབས་དང་བསྟུན་ཏེ་ད་རེས་ཁུལ་དེར་བློ་བུར་དུ་རྒྱ་མི་མང་པོ་དེ་འདྲ་ཞིག་སླེབས་ཏེ་བོད་མི་ཚོར་བཙན་བཀའ་གཏོང་བཞིན་པ་ཡིན་པ་རེད༎