བོད་སྨར་ཁམས་ཁུལ་དུ་གཏེར་ཁ་བསྔོཌ་འདོན་ལ་བོད་མིས་ངོ་རྒོལ།
2009.05.21
༄༅༎བོད་ལྗོངས་སྨར་ཁམས་རྫོང་གཙང་ཤོད་ཆུས་སྟག་ར་ཤང་ནང་ཡོད་པའི་གསེར་དངུལ་ལ་ཞེས་པའི་གནས་རི་དེར་རྒྱ་ནག་གཞུང་གིས་གཏེར་ཁ་བསྔོག་འདོན་བྱས་པར་ས་ཁུལ་གྱི་བོད་མི་རྣམས་ཀྱིས་དེ་སྔོན་ངོ་རྒོལ་བྱས་རྗེ་སྔ་ལོ་ཕྱི་ཟླ་བཅུ་གཅིག་ནང་གཏེར་ཁ་བསྔོག་འདོན་མཚམས་འཇོག་བཞག་བཅུག་ཡོད་པ་རེད། དོན་རྐྱེན་དེའི་ཐད་སྔ་ལོ་ཕྱི་ཟླ་བཞི་པའི་ཚེས་བཞི་ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུ་ཞི་གཞོན་པ་པད་མ་འཕྲིན་ལས་ལགས་སྨར་ཁམས་ཁུལ་དུ་འགྲེལ་བཤད་བྱེད་པར་སླེབས་སྐབས་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་ཏེ་ཁོང་ས་གནས་དེ་ནས་ཕྱིར་འབུད་བཏང་ཡོད་པ་རེད། དེའི་རྗེས་སུ་ས་གནས་རྒྱ་ནག་སྲིད་གཞུང་གིས་བོད་མི་ལྔ་བཅུ་ལྷག་འཛིན་བཟུང་བྱས་ཐོག་རྡུང་རྡེག་ཤུགས་ཆེ་བཏང་རྗེས་མཐར་གློད་བཀྲོལ་བཏང་ཡོད་པ་དང་དེ་བཞིན་དུས་ཡུན་ཟླ་བ་གཅིག་དང་ཉིན་གྲངས་བཅུ་རིང་ས་གནས་ནང་སློབ་གསོའི་ལས་འགུལ་སྤེལ་ཡོད་པ་རེད། ཡིན་ཡང་ཟླ་བ་འདིའི་ཚེས་བཅུ་དྲུག་ཉིན་གློ་བུར་དུ་རྒྱ་ནག་གི་དམག་མི་དང་ཉེན་རྟོག་མི་སྣ་དེ་བཞིན་གཏེར་ཁ་བསྔོག་འདོན་བྱེད་མཁན་རྒྱ་མི་ཁྱོན་ཆེ་ཞིག་ཁུལ་དེར་ཡོང་ནས་གནས་སྡོད་བྱས་པ་མ་ཟད་བོད་མི་སུ་འདྲ་ཞིག་གིས་གཏེར་ཁ་བསྔོག་འདོན་གྱི་ལས་དོན་ལ་བཀག་འགོག་བྱས་ཚེ་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ཡང་རྒྱ་ནག་གཞུང་གིས་ཉེན་བརྡ་དང་སྡིག་ར་གཏོང་མིན་ལ་མ་ལྟོས་པར་ས་གནས་ཀྱི་བོད་མི་ལྔ་བརྒྱ་ལྷག་ཙམ་གྱིས་གཏེར་ཁ་བསྔོག་སའི་གཞུང་ལམ་བཀག་འགོག་གི་ལས་འགུལ་སྤེལ་ཡོད་པ་རེད།