རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ།
2013.07.25

༄༅། །ཁ་སང་ཕྱི་ཚེས་༢༤རེས་གཟའ་ལྷག་པ་ལྷག་དཀར་ཉིན། སློབ་ཕྲུག་གི་བོད་རང་བཙན་ཚོགས་པའི་གོ་སྒྲིག་འོག ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་ཀྱི་མདུན་དུ་རྔོམ་སྟོན་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ང་ཚོ་རླུང་འཕྲིན་ཁང་ནས་སློབ་ཕྲུག་གི་བོད་རང་བཙན་ཚོགས་པའི་ཚེ་ལྷ་ལགས་སུ་ཁ་པར་བརྒྱུད་གནས་འདྲི་ཞུས་སྐབས། ད་རེས་ཀྱི་ལས་འགུལ་དེའི་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༢༠ཙམ་ལྷན་འཛོམས་བྱུང་འདུག་པ་དང་། ཁ་སང་ཕྱི་དྲོ་ཆུ་ཚོད་༣ནས་༥བར་ཆུ་ཚོད་གཉིས་ཀྱི་རིང་སྤེལ་བའི་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་དེ་བཞིན་གཙོ་བོ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་བོད་ཀྱི་ཁམས་དང་ཨ་མདོ་ཕྱོགས་ནས་ཕེབས་པའི་བོད་མི་རྣམས་ཕྱིར་འབུད་བྱེད་ཀྱི་ཡོད་པར་ངོ་རྒོལ་གནང་ཡོད་པས་མ་ཚད། བོད་མི་དཀོན་མཆོད་བསོད་ནམས་ལགས་ཀྱིས་ཉེ་འཆར་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ནས་ད་བར་བོད་མི་༡༢༡གྱིས་ལས་འགུལ་སྤེལ་དགོས་ཆགས་པ་དེ། བོད་ནང་རང་དབང་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་དུས། བོད་ནང་རང་དབང་དགོས་པའི་དགོས་འདུན་བཏོན་ཆེད་ཡིན་པ་རེད་འདུག
ཁ་སང་ལྷག་དཀར་ཉིན་གྱི་ལས་འགུལ་དེའི་སྐབས་ལས་འགུལ་བ་རྣམས་ནས་ལྷ་སའི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་དང་། བོད་མི་༡༢༡ནས་རང་སྲེག་གནང་དགོས་ཆགས་ཡོད། བོད་ལ་རང་དབང་དགོས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྡུག་སྦྱོང་གཏོང་རྒྱུ་མཚམས་འཇོག་དགོས་སོགས་ཀྱི་སྐད་འབོད་གནང་ཡོད་པ་རེད།
ཡང་ཁ་སང་ལྷག་དཀར་ཉིན་དང་བསྟུན། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་ཀྱང་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱི་གཙོས་པའི་བོད་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་ཕོ་མོ་འདས་སོན་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་དང་མ་ཎི་གསོག་གྲུབ་གནང་ཡོད་པ་རེད།།