ནིའུ་ཡོག་གྲོང་ཁྱེར་དུ་༧གོང་ས་མཆོག་དགུང་གྲངས་༨༨ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་བྱས་ཏེ། ཕྱི་ཟླ་༧པའི་ཚེས་༨ རེས་གཟའ་སྤེན་པ་དང་སྟབས་བསྟུན་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧ སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་རྒྱས་པ་ཞིག་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཞིང་། སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ནིའུ་ཡོག་གྲོང་ཁྱེར་གྱི་ཕྱི་མི་གཞིས་སྤོས་ཚན་པའི་འགན་འཛིན་ Commissioner Manual Castro ལགས་དང་། ནིའུ་ཡོག་གི་གྲོང་སྡེ་ལྷན་ཁང་༢༦ Julie Won ལགས་དང་། སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་ཀུན་དགའ་བཀྲ་ཤིས་ལགས་དང་། གཞན་བཀའ་ཟུར་དང་སྤྱི་ཟུར་སོགས་བོད་མི་མང་པོ་མཉམ་འཛོམས་ཀྱི་སྒོ་ནས་ཐོག་མར་བསང་གསོལ་དར་འཛུགས་གནང་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་གནང་ །
མཛད་སྒོའི་ཐོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཅས་བོད་རིགས་སྤྱི་མཐུན་ཚོགས་པས་ནིའུ་ཡོག་གྲོང་ཁྱེར་དུ་ད་བར་རྒྱུན་ལས་རིམ་པས་སྤྱི་ཚོགས་ཞབས་འདེགས་ཅི་ཞིག་བྱེད་ཀྱི་ཡོད་མེད་སྐོར་དང་འབྲེལ་ནས་གཏམ་བཤད་གནང་ཞིང་། དེ་བཞིན་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་འབྲེལ་ནས་བཀའ་ཤག་གི་གསུང་འཕྲིན་གྱི་ནང་འཁོད་པའི་མཛད་པ་་སྙིང་བསྡུས་སྐོར་གསུངས་གནང་།
ནིའུ་ཡོག་སྤྱི་ཁྱབ་པ་ Mayor Eric Adams དངོས་སུ་ཕེབས་མ་ཐུབ་པར་བརྟེན་ནིའུ་ཡོག་གྲོང་ཁྱེར་གྱི་ཕྱི་མི་གཞིས་སྤོས་ཚན་པའི་འགན་འཛིན་ Commissioner Manual Castro ལགས་ནས་ནིའུ་ཡོག་སྤྱི་ཁྱབ་པ་ Mayor Eric Adams ཚབ་བྱས་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་གནང་།
ཁོང་གིས་༧གོང་ས་མཆོག་ནས་སྐུ་ཚེ་ཧྲིལ་པོར་་འཛམ་གླིང་ཞི་བདེ་དང་། འཚེ་བ་མེད་པ། བྱམས་བརྩེ་ཅན་དུ་བསྒྱུར་གནང་མཛད་རྒྱུར་ཐུགས་འགན་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཆབས་ཅིག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་གནང་་། བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ནིའུ་ཡོག་སྤྱི་ཁྱབ་པར་Mayor Eric Adams Compassion and Wisdom བྱམས་སེམས་དང་མཁྱེན་རྒྱ་ཞེས་པའི་ཆེ་བསྟོད་ཀྱི་གཟེངས་བསྟོད་ཅིག་ཀྱང་འབུལ་ལམ་ཞུས་གནང་།
དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་ངོས་ནས་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི Julie Won ་ལགས་ཀྱིས་བོད་རིགས་རྣམས་ལ་སྔ་རྗེས་སུ་རོགས་པ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་བའི་མཚོན་པའི་གཟེངས་རྟགས་འབུལ་གནང་ཞིང་། ཁོང་མོས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཤིང་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུའི་འདོད་པ་ཡོད་པ་བཅས་བརྗོད་གནང་སོང་།
ནིའུ་ཡོག་ཏུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧་སྤྱི་ནོར་གོང་ས་༧་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དེ་ཆོས་ཕྱོགས་ཀྱི་རྟེན་འབྲེལ་གྱི་མཛད་སྒོ་དང་། མི་མང་འདུ་འཛོམས་ཀྱི་དགའ་སྟོན་གྱི་གླུ་གཞས་ལ་རོལ་རྒྱུ། ནིའུ་ཡོག་གི་སྤྱི་གླིང་ཞིག་ཏུ་མི་མང་རྣམས་མཉམ་འཛོམས་ཀྱི་གླིང་ག་གཏོང་རྒྱུ་ཡིན་སོགས་གོ་སྒྲིག་ཞུས་འདུག།
གསར་འགོད་པ། ཇོ་ལེབ་ཆོས་འཕེལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།