འཛམ་གླིང་འདིར་བོད་ཅེས་མངོན་ཐུབ་པའི་མ་རྩ་ལྟ་བུ་ནི་བོད་རྒྱ་ཆེའི་མི་མང་རེད་ཅེས་བཀའ་སློབ་བསྩལ་བ།
2017.11.10

༄༅། །༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་རྒྱ་ཆེའི་མི་མང་དེ་བོད་ཀྱི་དོན་གྱི་བདག་པོ་དང་དུས་ད་ལྟ་བར་དུ་འཛམ་གླིང་འདིར་བོད་ཅེས་མངོན་ཐུབ་པའི་མ་རྩ་ལྟ་བུ་ནི་བོད་རྒྱ་ཆེའི་མི་མང་རེད་ཅེས་བཀའ་སློབ་བསྩལ་འདུག
ད་རེས་སྤྱི་ཚེས་༩ ཉིན་གྱི་སྔ་དྲོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་དང་། རྒྱ་གར་བ། འབྲུག་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སོགས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང་། དེའི་སྐབས་༧གོང་ས་མཆོག་གིས་བོད་ནས་གསར་དུ་འབྱོར་བ་རྣམས་ལ་བཀའ་སློབ་བསྩལ་སྐབས་ཁྱོད་རང་ཚོ་བོད་ནས་ཡོང་བ་རེད། ངོས་ནས་རྒྱུན་དུ་ བོད་ནང་གི་རྒྱ་ཆེའི་མི་མང་དེ་བོད་ཀྱི་དོན་གྱི་བདག་པོ་རེད། དུས་ད་ལྟ་བར་དུ་འཛམ་གླིང་འདིར་བོད་ཅེས་མངོན་ཐུབ་པའི་མ་རྩ་ལྟ་བུ་ནི་བོད་རྒྱ་ཆེའི་མི་མང་རེད། ཁྱོད་ཚོས་སེམས་ཤུགས་རི་རབ་བཞིན་ཧ་ཅང་བརྟན་པོ་ཞིག་འཛིན་ནས་ཞེད་སྣང་དང་། སྲོག་གི་ཉེན་ཁ་ཡོད་པའི་དཀའ་ངལ་དེ་ལྟ་བུའི་འོག་ནས་ཁྱོད་རང་ཚོས་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་བྱས་ཏེ་བསྡད་འདུག དེ་བཞིན་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་པ་དང་། བར་སྐབས་ནས་སློབ་གཉེར་བྱེད་རྒྱུ་ཡང་ཤུགས་ཆེ་རུ་ཆེ་རུ་འགྲོ་བ་ཞིག་ཆགས་ཀྱི་འདུག་པས་གང་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་དེ་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་རེད་ཅེས་སོགས་བཀའ་སློབ་བསྩལ་གནང་མཛད་འདུག།
གསར་འགོད་པ་འཆི་མེད།