༸གོང་ས་མཆོག་ལ་བོད་གཞུང་དམངས་ཀྱིས་བརྟན་བཞུཌ་ཕུལ་བ།
2009.03.09
༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ཚེས་དགུ་ཉིན་བོད་གཞུང་མང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཐུགས་ཧ་ཅང་གྱེས་པོའི་ངང་ནས་ཁྱེད་རང་ཚོ་བློ་བདེ་པོ་གྱིས་ངོས་ནས་ཀྱང་ལྷག་བསམ་བསྐྱེད་དེ་ཕན་པ་རིང་པོ་གཏོང་གིས་ཡོད་ཅེས་བཀའ་བསྩལ་གནང་མཛད་འདུག
དེ་ཡང་འདི་ལོའི་ནང་དེ་སྔ་ཕྱི་ལོ་༡༩༥༩ལོའི་བོད་མིའི་ཞི་བའི་སྒེར་ལངས་ཆེན་མོ་དང་དེ་ནས་བོད་གཞུང་དམངས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་འགོ་འཛུགས་དང་མཇུག་སྡོམ་གཉིས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་ལྟར་གོང་ཚེས་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་དམངས་ལྷ་མི་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟར་བར་ཆད་ཀྱི་རིགས་ཞར་ཡང་མི་བཞེས་པར་སྐུ་ཁམས་བརྟན་ཅིང་ཐུགས་ཀྱི་དགོངས་བཞེད་མཐའ་དག་དགག་མེད་ལྷུན་འགྲུབ་ཡོང་ཆེད་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་ཅིང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བརྟན་བཞུགས་ཐོག་ཕེབས་པ་ཚོ་དང་འདིའི་བརྒྱུད་ནས་འཛམ་གླིང་གང་སར་གནས་པའི་གངས་ཅན་པ།ལྷག་པར་དུ་བོད་གངས་ཅན་ལྗོངས་སུ་སྡུག་བསྔལ་དང་དངངས་སྐྲག་ངང་སྡོད་མཁན་ཚོ་དང་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པ་དེ་དག་གི་སེམས་ཀྱི་རེ་བ་སོགས་གཅིག་ཏུ་སྒྲིལ་ཏེ་བརྟན་བཞུགས་གནང་བ་རེད། དེར་ངོས་ནས་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།ཚང་མས་འདུན་པ་དང་དད་པ།དམ་ཚིག་བསྲེས་ལྷད་མེད་པ་བྱས་ཏེ་དེ་རིང་འདིར་སྨོན་ལམ་རྒྱག་གི་ཡོད་སྟབས་ངོས་ནས་ཀྱང་དེ་བཞིན་བྱས་ཏེ་ལྷག་བསམ་དང་སེམས་ཤུགས་བསྐྱེད་དེ་ཕན་པ་རིང་པོ་གཏོང་གིས་ཡིན་ལ་སྨོན་ལམ་ཡང་རྒྱག་གི་ཡིན།ཁྱེད་རང་ཚང་མ་ཐུགས་བདེ་པོའི་ངང་བཞུགས་རོགས་གནང་ཞེས་བཀའ་བཞེས་ཟབ་མོ་གནང་འདུག།