ལ་དྭགས་ཁུལ་དུ་ཆུ་ལོག་གནོད་འཚེ་ཕོག་མིར་བསྔོ་སྨོན།
2010.08.09
༄༅༎ཉེ་ཆར་ཟླ་བ་འདིའི་ཚེས་༥ཉིན་ལ་དྭགས་ཁུལ་གློ་བུར་ཆར་པ་ཤུགས་ཆེ་འབབ་ནས་ཆུ་ལོག་རྒྱབ་ཏེ་ མི་སྲོག་དང་ཕྱུག་རིགས་གཉིས་ཀར་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་ལྟར། ཁ་ས་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མི་ཚོས་འདས་པོ་ཚོའི་ཆེད་དུ་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་འདུག།
ཆུ་ལོག་གི་གནོད་འཚེའི་འོག་འདས་གྲོངས་ཕྱིན་པའི་མིའི་གྲངས་འབོར་དེ་རིང་བར་༡༥༠དང་རྨས་སྐྱོན་ཕོག་མཁན་མི་གྲངས་༤༠༠ལྷག་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག།
བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁང་གིས་ བཞུགས་སྒར་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལ་དྭགས་ཁུལ་ད་རེས་ཆུ་ལོག་སྐབས་འདས་གྲོངས་ཕྱིན་པའི་མི་དམངས་ཚོའི་ཆེད་གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་ཤིག་གོ་སྒྲིག་གནང་བཞག། བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དབུ་བཞུགས་འོག་གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་སར་རྡ་རམ་ས་ལ་དང་ཉེ་འཁོར་དགོན་སྡེ་ཁག་གི་དགེ་འདུན་དང་བཙུན་མ་ཐེ་པའི་ཁྱོན་མི་དམངས་༤༠༠ལྷག་མཉམ་ཞུགས་གནང་ཡོད་ཅིང༌། ད་རེས་ལ་དྭགས་ཁུལ་ཆུ་ལོག་གི་གནོད་འཚེ་འོག་ཕྱི་མའི་སྔར་ལམ་དུ་གྱུར་བའི་འདས་པོ་ཚོར་བསྔོ་སྨོན་དང༌།རྨས་སྐྱོན་ཕོག་པའི་མང་ཚོགས་ཚོ་དཀའ་ངལ་གྱི་ལམ་ནས་སྒྲོལ་ཐུབ་པའི་གསོལ་འདེབས་གནང་འདུག་པ་མ་ཟད། དཔལ་ལྡན་ཆོས་རིག་ལས་ཁང་གིས་ བོད་པའི་དགོན་སྡེ་ཁག་ཚོར་རྨས་སྐྱོན་དང་ཆུ་ལོག་གི་གོད་ཆག་ཕོག་པའི་ལ་དྭགས་མང་ཚོགས་ཚོ་སྡུག་བསྔལ་གྱི་གནས་ལས་གང་མགྱོགས་སྒྲོལ་ཐུབ་པའི་གསོལ་སྨོན་ཞུ་དགོས་པའི་བཀའ་ཁྱབ་ཀྱང་གནང་བཞག།