དམར་ཤོག་ཚོགས་ཆེན་ལ་བོད་མི་ཚང་མར་བལྟ་ཉན་དང་ཁོངས་དུ་ཆུད་པ་བྱ་དགོས་པའི་བཙན་བཀའ་བཏང་འདུག
ཕྱི་ཟླ་༡༠ཚེས་༡༦ཉིན་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པ་མགོ་ཚུགས་ཡོད་པ་བཞིན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཚོགས་ཆེན་རིང་བོད་མི་སེར་སྐྱ་ཚང་མས་ཚོགས་ཆེན་ལ་བལྟ་ཉན་དགོས་པ་མ་ཟད། ཚོགས་ཆེན་རིང་བོད་མི་སུ་གཅིག་ཀྱང་ཁྱིམ་ནས་ཕྱི་ལ་འབུད་བཅུག་གི་མེད་པར་ཚོགས་ཆེན་གྱི་དགོངས་དོན་ཁོངས་དུ་ཆུད་པ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་དང་། ཚོགས་ཆེན་མ་འཚོགས་གོང་གི་ཉིན་ཤས་སྔོན། ལྷ་ས་གྲོང་ཁྱེར་ཡོངས་སུ་ཁྱིམ་ཚང་གཅིག་གི་ནང་མི་རེ་ཕྱི་ལ་བཏང་སྟེ་ཟ་མ་སོགས་ཉོ་བཅུག་ཡོད་པ་དང་། ཚོགས་ཆེན་མགོ་ཚུགས་པ་ནས་མི་གཅིག་ཀྱང་ཕྱི་ལ་འབུད་མི་ཆོག་པ་དང་། དམ་དྲགས་དང་ལྟ་སྲུང་རིགས་ཉེ་སྔོན་རིམས་ནད་ཛ་དྲག་གི་སྐབས་ནས་ཞི་འཇམ་གང་ཡང་སོང་མེད་པ། འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་ཞིག་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་སུ་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་བརྙན་འཕྲིན་དང་དྲ་རྒྱ་སོགས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་༢༠་བལྟ་ཉན་བྱེད་བཞིན་ཡོད་པ་སོགས་བཀོད་ཡོད་ཀྱང་། འབྲེལ་བོད་མི་གཞན་དེས་རྔ་བ་དང་དཀར་མཛེས། མགོ་ལོག་ཕྱོགས་ཀྱི་དགོན་སྡེ་ཁག་ཚང་མར་ཚོགས་ཆེན་ལ་བཙན་ཐབས་ཀྱིས་ལྟ་བཅུག་བཞིན་ཡོད་པ། རྔ་བ་དང་ཁྱུང་མཆུ། འཛམ་ཐང་ཕྱོགས་སུ་དམར་ཤོག་ཚོགས་ཆེན་མགོ་ཚུགས་ཉིན་སློབ་གྲྭ་ཁག་ཚང་མས་གཅིག་གྱུར་ངང་ངེས་པར་ལྟ་དགོས་པ་སློབ་གྲྭ་ཁག་གིས་བཀོད་བསྒྲིག་བྱས་ཡོད་པ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
ཡང་ཚོགས་ཆེན་དང་འབྲེལ་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཟེར་བ་ཞིག་ཚོགས་སྟེ། དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་ཟེར་བས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ། མི་མང་གིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ཁོངས་དུ་ཆུད་པ་དགོས་སྐོར་བརྗོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། རྒྱ་ནག་གཞུང་གིས་ཚོགས་ཆེན་དང་འབྲེལ་བོད་མི་ཚོ་ནང་ལ་བཅུག་སྟེ་ཕྱི་ལ་འབུད་མི་བཅུག་པ་དེ་བོད་ནང་ཡར་ལངས་རིགས་མི་ཡོང་ཆེད་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཛ་དྲག་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་ཞིག་མཚོན་གྱི་ཡོད་སྟབས། བོད་ཀྱི་གནད་དོན་མ་སེལ་བར་ཐབས་ལམ་དེ་རིགས་ག་འདྲ་འཐེན་ཀྱང་ཕན་འབྲས་མེད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་སོང་།
རྒྱ་ནག་གཞུང་གིས་དུས་རྒྱུན་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་འདུ་ཁག་ལ་བོད་ནང་དམ་དྲགས་ཤུགས་ཆེར་བྱེད་སྲོལ་ཡོད་པ་བཞིན། ཚོགས་ཆེན་ཁག་དང་འབྲེལ་མི་མང་ལ་གང་ཡང་འགྲོ་སྐྱོད་བྱེད་མི་བཅུག་པ་དང་། བོད་མི་འདུས་སྡོད་ཁག་ཏུ་ཉེན་རྟོག་པ་འགྲེམས་འཇོག་དང་། ལྟ་ཞིབ་མཉན་ཆས་ཆེད་འཛུགས་ཀྱིས་བོད་མི་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲགས་དང་།ཚོགས་འདུ་ཁག་ལ་བོད་མི་ཚོར་ནམ་རྒྱུན་དུ་བཙན་ཐབས་ཀྱིས་ལྟ་བཅུག་བཞིན་ཡོད་པ་རེད། འདི་ལོར་དམར་ཤོག་ཚོགས་ཆེན་མགོ་ཚུགས་དང་འབྲེལ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ནས་བོད་དང་འབྲེལ་བའི་གཏམ་བཤད་གང་ཡང་བྱས་མེད་ན་ཡང་། ཧན་མི་རིགས་གཙོ་བོར་འཇོག་དགོས་པའི་ཀྲུང་ཧ་མི་རིགས་རླབས་ཆེན་བསྐྱར་དར་ཞེས་ཐེངས་མང་ལ་བཤད་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།