༸གོང་ས་མཆོག་རྡ་སར་གཏན་ཞུགས་ལོ་༥༠འཁོར་བའི་སྐོར།

ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུའི་གཞུང་འབྲེལ་མཛད་སྒོ་ཞིག་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་གནང་གཏན་འཁེལ་ཡོད་པ་རེད་

2010.04.26

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་གཏན་བཞུགས་གནང་ནས་ལོ་ངོ་༥༠ཧྲིལ་པོར་འཁོར་བའི་དུས་ཚིགས་ཉིན་བཞུགས་ཡུལ་ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུའི་གཞུང་འབྲེལ་མཛད་སྒོ་ཞིག་ཕྱི་ཟླ་ ༤ཚེས་༣༠དང་ཕྱི་ཟླ་༥པའི་ཚེས་༡བཅས་ཉིན་༢རིང་བཞུགས་སྒར་རྡ་རམ་ས་ལར་གནང་གཏན་འཁེལ་ཡོད་པ་རེད་            ཕྱི་ལོ་༡༩༥༩ལོར་རྒྱ་མི་གུང་བྲན་ཏང་གིས་བོད་ས་ཡོངས་རྫོགས་དྲག་པོའི་དབང་བསྒྱུར་བྱས་རྗེས་༸གོང་ས་མཆོག་སྟོན་འཁོར་དང་བཅས་པ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་ཆགས་ཡོད་པ་རེད་ ༸གོང་ས་མཆོག་ཐོག་མར་རྒྱ་གར་གཞུང་ཕྱོགས་ནས་གོ་སྒྲིག་ཞུས་པ་ལྟར་མ་སུ་རིར་བཙན་བྱོལ་བོད་གཞུང་གི་འགན་འཁུར་མི་སྣ་ཁག་བསྐོ་བཞག་གནང་བ་སོགས་ཀྱི་མཛད་འཕྲིན་སྐྱངས་ཡོད་པ་རེད་           ཕྱི་ལོ་༡༩༦༠ཕྱི་ཟླ་༤པའི་ཚེས་༣༠ཉིན་༸གོང་ས་མཆོག་མ་སུ་རི་ནས་རྡ་རམ་ས་ལར་གནས་སྤོ་གནང་བའི་རྗེས་རྡ་རམ་ས་ལ་དེ་༸གོང་ས་མཆོག་གི་བཞུགས་སྒར་དང་བཙན་བྱོལ་བོད་གཞུང་གི་ལྟེ་གནས་སུ་གྱུར་ཡོད་པ་རེད་ ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཉིན་དང་པོར་༸གོང་ས་མཆོག་ཆིབས་བསྒྱུར་གནང་རྒྱུ་དང་མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་རྡུ་མལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་རྒྱུ་མ་ཟད་མཛད་སྒོ་དེ་བཞུགས་སྒར་གྱི་ཉེ་འཁྲིས་རྡ་རི་ཐང་ཆེན་དུ་གནང་རྒྱུ་ཡིན་པ་རེད་            མཛད་སྒོའི་ཉིན་ཀང་ར་རྫོང་གི་འགྲེམས་སྟོན་ཁང་དུ་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གེན་རྡི་དང་༸གོང་ས་མཆོག་གིས་ཞི་བདེ་དང་མཆེད་གྲོགས་ཀྱི་བརྡ་འཕྲིན་སྐུ་དཔར་འགྲེམས་སྟོན་ལམ་ནས་མངོན་པར་གསལ་བ་གནང་རྒྱུ་ཡིན་ཞིང་འགྲེམས་སྟོན་དེའི་དབུ་འབྱེད་དེ་ཧི་མ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་ཀི་རི་ཤན་ཀ་པུར་མཆོག་གིས་གནང་རྒྱུ་ཡིན་པ་རེད་ ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཉིན་གཉིས་པར་རྒྱ་གར་གཞུང་གི་དངས་ལྕགས་བཟོ་ལས་བློན་ཆེན་ལྦིར་བ་རྡ་ར་སིང་མཆོག་གདན་ཞུ་ལྟར་ཕེབས་གཏན་འཁེལ་ཡོད་ཅིང་            ཉིན་དེར་འདས་པའི་ལོ་ངོ་༥༠རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ཤིན་ཏུ་འབྲེལ་ཆགས་ས་གནས་མི་སྣ་ཁག་ཅིག་ལ་ངོས་འཛིན་ལེགས་སོ་གནང་རྒྱུ་ཡིན་པ་རེད་ ཡང་ཉིན་དེར་བོད་གཞུང་སྨན་རྩིས་ཁང་གིས་རིན་མེད་སྨན་སྦྱིན་གནང་རྒྱུའི་ལས་རིམ་ཞིག་ཀྱང་འཆར་འགོད་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎