བོད་ཀྱི་གནས་སྟངས་ཐེར་འདོན།
2013.09.27
༄༅། ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་སྐོར་བསྐྱར་ཞིབ་ཀྱི་ལས་དོན་དེ་ཟླ་བ་༡༠པའི་ནང་གནང་གཏན་འཁེལ་བ་ལྟར། རྒྱ་ནག་གིས་བོད་ནང་དྲག་གནོན་གྱི་ལས་འགུལ་མུ་མཐུད་སྤེལ་དང་སྤེལ་བཞིན་པ་ཐེར་འདོན་ཆེད། ད་ལྟ་ནས་རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་སྤེལ་མཁན་ཚོགས་སྡེ་ཁག་གིས་ལས་འགུལ་སྤེལ་འགོ་འཛུགས་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ཚོགས་སྡེ་ཁག་གིས་ཕྱི་ཚེས་ ༢༥ ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་བསྐྱར་ཞིབ་ཀྱི་དུས་སྐབས་ཉེ་བར་སླེབས་པར་རྒྱལ་སྤྱིའི་ནང་གི་བོད་དོན་ལས་འགུལ་སྤེལ་མཁན་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་སུད་སི་གྲོང་ཁྱེར་ཇི་ནི་ཝར་འདུ་འཛོམས་གནང་ནས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བའི་གནས་སྟངས་འཐེར་འདོན་གནང་རྒྱུ་ཡིན་སྐོར་བཀོད་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་འབྲེལ་འཐུད་ཀྱི་བསྟན་འཛིན་འཇིགས་མེད་ལགས་ཀྱིས་དེང་སང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་འགྱུར་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འཛིན་སྟངས་ནས་བྱུང་བ་ཞིག་ཡིན་པ་རེད་ཅེས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་བོད་མིའི་སྲུང་སྐྱོབ་ཀྱི་ལས་འགན་མ་གྲུབ་པས་མ་ཟད། ད་ལྟའི་དུས་སྐབས་འདི་འཛམ་གླིང་གི་རྒྱལ་ཁབ་ཁག་ཆིག་བསྒྲིལ་གྱིས་རྒྱ་ནག་ལ་གནོན་ཤུགས་གནང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་ཆེད་ཕུགས་འཕེར་ལྡན་པའི་ཕྱག་ལེན་འགེལ་དགོས་ཞེས་གསུངས་འདུག བོད་མི་དང་ཕྱི་རྒྱལ་བའི་བོད་དོན་ལས་འགུལ་སྤེལ་མཁན་ཁག་ཅིག་ད་ལྟ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་བཞིན་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་། འགྲོ་བ་མིའི་ཐབ་ཐང་ལྷན་ཁང་གི་ཚོགས་འདུ་ཁག་གཉིས་ལ་ཆེད་ཕེབས་གནང་ཡོད་པའི་གནས་ཚུལ་ཐོན་འདུག།