བཀའ་བློན་གསར་པ་འོས་མིའི་མཚན་གཞུང་བཏོན་འཆར།
2011.09.15
༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་གསར་པའི་འོས་མི་རྣམས་ཀྱི་མཚན་གཞུང་གྲོས་ཚོགས་སུ་རེས་གཟའ་པ་སངས་ཉིན་བཏོན་གནང་འཆར་ཡོད་འདུག
ཟླ་བ་སྔོན་མའི་ཚེས་བརྒྱད་ཉིན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དམ་འབུལ་གནང་ཡོད་པ་དང་། ཁོང་གིས་ཕྱག་རོགས་བཀའ་བློན་རྣམ་པའི་འོས་མི་ཟླ་བ་འདིའི་ཚེས་བཅུ་དྲུག་སྟེ་རེས་གཟའ་པ་སངས་ཉིན་གྲོས་ཚོགས་སུ་བཏོན་གནང་རྒྱུ་ཡིན་འདུག དེ་ཡང་གྲོས་ཚོགས་ཀྱི་ཚོགས་དྲུང་ཡིག་ཚང་ནས་མཛད་འཆར་རོབ་ཙམ་གསལ་བསྒྲགས་གནང་བའི་ནང་གསལ་ལྟར་ན། འདི་ཚེས་བཅུ་དྲུག་གི་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་དབུ་འབྱེད་ཀྱི་སྔ་ཐོག་ཚོགས་དུས་སྐབས། བཀའ་བློན་ཁྲི་པ་མཆོག་གིས། བཀའ་བློན་གསར་པ་ཚོའི་འོས་མི་མཚན་ཐོ་གྲོས་ཚོགས་སུ་སྙན་སེང་ཞུས་གནང་རྒྱུ་དང་། སྐབས་དེར་བཀའ་བློན་བདུན་པོའི་ལྷན་ཁང་གང་གི་བཀའ་བློན་གནང་མིན་ཡང་གསལ་བཤད་གནང་དགོས་ཀྱི་ཡོད་འདུག ཡང་རྩ་ཁྲིམས་གཞིར་བཟུང་བྱས་ན། གལ་སྲིད་སྤྱི་འཐུས་གང་ཞིག་ཐོག་ནས་བཀའ་བློན་འོས་མི་བཏོན་གནང་བ་དེར་ངོས་ལེན་ཡོད་པ་ཡིན་ན་ཐད་ཀར་བཀའ་བློན་གནང་ཆོག་པ་དང་། ཡང་བཀའ་བློན་བྱེ་བྲག་པ་དེའི་ཐོག་གྲོས་ཚོགས་འཐུས་མིས་འགྲིགས་མིན་གསུངས་པ་ཡིན་ན་དེ་དག་གི་ཐོག་འོས་བསྡུའི་ལམ་ནས་འགྲོ་རྒྱུ་ཡིན་འདུག དེ་སྔའི་བཀའ་ཤག་གི་སྐབས་སུའང་སྐབས་ཤིག་ལ་བཀའ་བློན་ཁྲི་པ་མཆོག་གི་འདོན་གནང་མཛད་པའི་འོས་མི་ལ་དགོས་ངེས་བརྒྱ་ཆ་མ་ལོངས་བའི་རྐྱེན་གྱིས་བཀའ་བློན་བསྐོ་འདེམས་མ་བྱུང་བའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད། ཡང་བཅའ་ཁྲིམས་ནང་། གལ་སྲིད་རེས་གཟའ་པ་སངས་སྔ་ཐོག་བཀའ་བློན་གསར་པའི་མཚན་ཐོ་འཆར་གཞི་བཏོན་གནང་བ་དེ་དག་ལ་དམིགས་བསལ་དགག་ཆ་མ་བྱུང་བ་ཡིན་ན་ཉིན་མོ་དེའི་ཉིན་རྒྱབ་ཆེས་མཐོའི་ཁྲིམས་དཔོན་གྱི་སྐུ་མདུན་དུ་བཀའ་བློན་རྣམ་པའི་དམ་འབུལ་ཞུ་གི་ཡོད་པ་བཅས་ཀྱི་མཛད་རིམ་ཡོད་འདུག