བོད་དོན་གླེང་དགོས་པའི་སྐུལ་མ།


2013.07.10
ཨ་རིའི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཇལ་མོལ་སྐབས་བོད་དོན་གླེང་དགོས་པའི་སྐུལ་མ་ཞུས་པ།
ཀླུ་འབུམ་བཀྲ་ཤིས།

༄༅།།ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཏུ་ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས་དབར་མཇལ་མོལ་གནང་རྒྱུའི་སྔ་ནུབ་ཏུ་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་ནས་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་དེ་བཞིན་གལ་ཆེ་དོན་ཆེར་ངོས་འཛིན་གནང་སྟེ། རྒྱ་ནག་གི་སྐུ་ཚབ་ལྷན་བོད་དོན་གླེང་སློང་གནང་དགོས་པའི་སྐོར་ཀྱི་དགོས་འདུན་འོག   ཁ་སང་ཕྱི་ཟླ་༧ཚེས་༩རེས་གཟའ་མིག་དམར་གྱི་ཉིན་ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་ཕོ་བྲང་དཀར་པོའི་མདུན་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་ཞིག་གནང་སོང་།  ད་རེས་ཀྱི་ལས་འགུལ་དེའི་ནང་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཙམ་མ་ཚད།   ཨ་རིའི་ནིའུ་ཡོརྐ་གྲོང་ཁྱེར་དང་།   ཤར་ལོཙ་ཕིལ་བཅས་ནས་ཀྱང་མི་མང་ཕོན་ཆེ་ཞིག་འདུ་འཛོམས་བྱུང་འདུག  ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ་ལས་འགུལ་འགུལ་མ་སྤེལ་གོང་ལས་འགུལ་བ་རྣམས་རྒྱ་ནག་གཞུང་ཚབ་ཁང་དུ་ཕེབས་ནས་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་གནང་ཡོད་པ་དང་།  དེ་ནས་ཆུ་ཚོད་༤ཙམ་གྱི་ཐོག་ཕོ་བྲང་དཀར་པོའི་མདུན་དུ་འཛོམས་ནས་ཆུ་ཚོད་༧བར་བོད་དང་ཨ་རིའི་རྒྱལ་དར་འཆར་བ་དང་།   ལག་ཏུ་བོད་ནང་རང་སྲེག་གནང་མཁན་རྣམས་ཀྱི་འདྲ་པར་སོགས་བསྣམས་ནས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་ཐབས་གནང་ཡོད་པ་རེད། ཕྱོགས་མཚུངས་ད་རེས་ཀྱི་ལས་འགུལ་དེའི་བརྒྱུད་བོད་རང་བཙན་ཡིན་པ་དང་།རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ནང་སྡུག་སྦྱོང་མཚམས་འཇོགས་དགོས་ཟེར་བ་སོགས་ཀྱི་དགོས་འདུན་འོག་རྔམ་སྟོན་སྐད་འབོད་ཤུགས་ཆེ་གནང་སོང་།   སྐབས་དེར་ཕེབས་པའི་ཡུལ་སྐོར་སྤྲོ་འཆམས་པ་རྣམས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་ལས་འགུལ་ལ་ཐུགས་སྣང་ཆེན་པོ་གནང་སོང་།
ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དར་རྒྱས་ལགས་ཀྱིས་ང་ཚོ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སྐབས།  ད་རེས་ཀྱི་ལས་འགུལ་དེའི་བརྒྱུད་ནས་བོད་ནང་གི་བོད་མི་རྣམས་ནས་རང་སྲེག་གི་ལས་འགུལ་སྤེལ་གྱི་ཡོད་པའི་རྒྱུ་རྐྱེན་གང་ཡིན་ཞིབ་འཇུག་གིས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང་།  བོད་ནང་དྲག་གནོན་མཚམས་འཇོག་ཡོང་བ་སོགས་ཀྱི་དགོས་འདུན་བཏོན་བཞིན་ཡོད་སྐོར་གསུངས་སོང་།
ཁ་སང་ཕྱི་ཚེས་༩ཉིན་གྱི་ལས་འགུལ་དེ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུན་ཚོགས་པ།  བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་།  ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། Charlottesvilleབོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་མཉམ་སྦྲེལ་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་།  ཁ་སང་ཉིན་རྒྱབ་ཆུ་ཚོད་༤ནས་༧བར་སྤེལ་བའི་ལས་འགུལ་དེ་གཙོ་བོ་ཕྱི་ཚེས་༡༠ནས་༡༡བར་འདི་ག་ཨ་རི་རྒྱལ་ས་ཝ་ཤིང་ཀྲོན་ཏུ་ ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerry དང་ ཚོང་དོན་དྲུང་ཆེ་སྐུ་ཞབས་Jacob Lew གཙོས་པའི་སྐུ་ཚབ་ཚོགས་པ་དང་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་Yang Jie Chi དང་། སྲིད་བློན་གཞོན་པ་སྐུ་ཞབས་Wang Yang རྣམས་གཉིས་ཀྱི་སྣེ་འཕྲིད་གནང་པའི་སྐུ་ཚབ་ཚོགས་པའི་དབར་རྒྱལ་ཁབ་གཉིས་དབར་བདེ་འཇགས་དང་ཚོང་དོན་གྱི་གནད་དོན་གཙོ་བོར་འགྱུར་བའི་ཆེས་མཐོའི་ལོ་འཁོར་གྱི་གྲོས་མོལ་ལྷན་ཚོགས་གནང་རྒྱུ་ཡིན་པ་དེའི་སྐབས་བོད་དོན་གླེང་སློང་ཡོང་བའི་འབོད་བསྐུལ་གྱི་ཆེད་དུ་ལས་འགུལ་སྤེལ་བ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎