༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་བདེ་བར་འཁོད་པ།
2016.06.12

༄༅༎ཕྱི་ཟླ་༦ཚེས་༡༢རེས་གཟའ་ཉིན་མའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་Park Hyatt ཞེས་པའི་སྐུ་མགྲོན་ཁང་ལ་༸ཞབས་སོར་འཁོད་ཅིང་ས་གནས་བོད་མིས་དགའ་བསུ་ཟབ་རྒྱས་ཞུས་གནང་སོང༌།
དེའང་ཨ་རིའི་རྒྱལ་སའི་ཁུལ་དུ་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་༦ཚེས་༡༢ཉིན་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་Park Hyatt ཞེས་པའི་སྐུ་མགྲོན་ཁང་ལ་༸ཞབས་སོར་འཁོད་ཅིང་། རྒྱལ་སའི་མངའ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕེབས་བསུ་ཟབ་རྒྱས་ཞུས་སོང་ལ། དེ་ནས་ཕྱི་ཚེས་༡༣གྱི་ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་ཆུ་ཚོད་གསུམ་པའི་བར་། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་སློབ་གྲ་ཆེན་མོའི་Bender Arena ཞེས་པའི་ཚོགས་ཁང་ཆེན་མོ་དེའི་ནང་དུ་དེང་དུས་འཛམ་གླིང་ནང་གི་ནང་སེམས་ཀྱི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་མི་དམངས་ལ་བཀའ་སློབ་གསུང་བཤད་བསྩལ་རྒྱུ་དང་། སྤྱི་ཚེས་༡༤འི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་གྲོས་ཚོགས་ཚོགས་ཁང་གི་ར་བ་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཛད་འཆར་དུ་ཨ་རིའི་ཕོ་བྲང་དཀར་པོ་དང་ཐག་ཉེ་པོ་ཡོད་པའི་Willard Hotel ཞེས་པའི་སྐུ་མགྲོན་ཁང་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད་འདུག་ལ། དེ་ནས་སྤྱི་ཚེས་༡༥ཉིན་རྒྱལ་ཡོངས་དམངས་གཙོའི་ཐེབས་རྩ་ཁང་བཅས་སུ་མཛད་འཆར་བསྐྱང་གནང་མཛད་རྒྱུ་ཡིན་ཞིང་། དེ་རྗེས་སྤྱི་ཚེས་༡༩ཉིན་ཨ་རིའི་མངའ་སྡེ་Califormiaའི་གྲོང་ཁྱེར་Westminsterདང་། སྤྱི་ཚེས་༢༡ཉིན་ཨ་རིའི་ནུབ་རྒྱུད་མངའ་སྡེ་Utahཡི་གྲོང་ཁྱེར་Salt Lake དེ་ནས་སྤྱི་ཚེས་༢༣ཉིན་ཨ་རིའི་ནུབ་རྒྱུད་མངའ་སྡེ་Colorado ལ་༸ཞབས་སོར་འཁོད་རྒྱུ་དང་། སྤྱི་ཚེས་༢༥ཉིན་ཨ་རིའི་Indiana མངའ་སྡེའི་ Indianapolis གྲོང་ཁྱེར་བཅས་སུ་ཆོས་འབྲེལ་དང་གསུང་བཤད་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གནང་མཛད་རྒྱུ་ཡིན་པ་རེད་འདུག།
གསར་འགོད་པ་ཀུན་བཟང་རིག་འཛིན།