ཉི་ཧོང་དུ་རྒྱ་བོད་གྲོཌ་པོའི་མཐུན་ཚོཌ་ཐེངས་དང་པོ་ཚོཌ་འདུག
2009.02.15
༄༅༎ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་རུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་ཁོ་ལགས་དབུ་བཞུགས་ཐོག་རྒྱ་བོད་གྲོགས་པོའི་མཐུན་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དང་བོད་མི་རིགས་དབར་མཛའ་མཐུན་གྱི་འབྲེལ་ལམ་འཛུགས་གལ་ཆེ་བའི་བཀའ་སློབ་ལམ་སྟོན་སྔ་རྗེས་ཕེབས་པའི་དགོངས་དོན་ལྟར་ད་ལམ་ཕྱི་ཚེས་བཅུ་བཞི་ཉིན་ཉི་ཧོང་ཁུལ་དུ་གནས་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་འོག་བོད་རིགས་དང་རྒྱ་ནག་མི་རིགས་བརྒྱ་སྐོར་ཞིག་དགོང་དྲོ་འདུ་འཛོམས་གནང་སྟེ་གསོལ་ཚིགས་མཉམ་དུ་བཞེས་ཡོད་པ་དང་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པའི་ཚོགས་གཙོ་ལྐལ་བཟང་དོན་གྲུབ་ལགས་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད། ལྷག་པར་དུ་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་ཁོ་ལགས་ཀྱིས་གསུངས་དོན་ལ་བོད་རྒྱ་མཐུན་ཚོགས་བཙུགས་པ་ནི་ཆབ་སྲིད་ཀྱི་ཚོགས་པ་ཞིག་མིན་པར་སྤྱི་ཚོགས་མཐུན་བསྒྲིལ་གོང་མཐོར་གཏང་རྒྱུར་དམིགས་པའི་ཚོགས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་མ་ཟད་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་ནམ་པ་ཀུན་ཏུ་བཀའ་སློབ་གནང་བཞིན་པའི་བྱམས་སྙིང་རྗེ་དང་བཟང་སྤྱོད་ཞི་བ་བཅས་ཀྱི་དོན་སྙིང་རྣམས་རྒྱ་ཁྱབ་ཏུ་དངོས་སུ་ལག་ལེན་འཁྱོལ་འབྱུང་འགྱུར་ཕན་ཐོགས་ངེས་ཅན་ཡོང་ངེས་ཡིན་ལུགས་གཏམ་བཤད་གནང་ཡོད་པའི་གནས་ཚུལ་ཐོན་འདུག འདས་པའི་དུས་ཡུན་གང་འཚམས་རིང་༸གོང་ས་མཆོག་རྒྱ་བོད་མཐུན་ལམ་གལ་ཆེའི་སྐོར་བཀའ་སློབ་མང་པོ་ཕེབས་ཡོད་པ་མ་ཟད་རྒྱ་རིགས་ཡོངས་ལ་གསུང་འཕྲིན་ཡང་སྔ་རྗེས་བསྩལ་གནང་མཛད་ཡོད་པ་རེད། རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ལྦན་སོགས་ནས་རྒྱ་རིགས་ཆེས་མང་པོ་དཀའ་ངལ་འཛེམས་མེད་ཀྱིས་༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་རེད༎