གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བས་བོད་ནང་དམ་དྲག་ཇེ་ཆེར་བཏང་འདུག
2018.03.09
གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་བོད་ནང་གཞིས་རྩེ་ཕྱོགས་སུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བས་འདས་པའི་ཉིན་གྲངས་བཅུ་གྲངས་ཀྱི་གོང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་དུ་དམ་དྲག་བྱས་ཤུགས་ཆེ་རུ་བཏང་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་དུ་འགྲེལ་བརྗོད་གནང་ཞིང་། བདེ་འཇགས་ཀྱི་དོན་དུ་མིང་འབོད་མ་གནང་པའི་བོད་མི་དེས་གྲོང་ཁྱེར་གྱི་གཞུང་ལམ་ཁག་ཏུ་གཞུང་གིས་ཆེད་མངགས་བཏང་བའི་དམག་མིའི་གྲངས་འབོར་སྔར་ལས་མང་དུ་བཏང་ཡོད་པ་མ་ཟད། དམག་མི་མང་པོ་ཡོད་པའི་རླངས་འཁོར་ཆེན་པོ་མང་པོ་ཞིག་གཞུང་ལམ་གྱི་བཞི་མདོ་དང་གསུམ་མདོ་ཁག་ཏུ་ཉིན་མཚན་མེད་པར་སྐོར་བསྐྱོད་བྱེད་བཞིན་ཡོད་པ་བརྗོད་འདུག
ཡང་དེ་སྔོན་བོད་དང་བལ་ཡུལ་ས་མཚམས་འགྲམ་དུ་གནས་སྡོད་བྱས་པའི་བོད་མི་ཚོ་ས་འགུལ་གྱི་གོད་ཆགས་བྱུང་པའི་རྗེས་དེང་སྐབས་གཞིས་ཀ་རྩེར་གནས་སྤོས་ཀྱིས་སྲིད་གཞུང་གི་རོགས་སྐྱོར་འོག་འཚོ་གནས་བྱས་ནས་ཡོད་པ་དང་། འགྲམ་ནས་གནས་སྤོས་བྱས་པའི་དུད་ཁྱིམ་ཚང་མར་གཞུང་གི་ལས་བྱེད་དང་དམག་མི་སོགས་ཡོང་ནས་མི་གྲངས་ཞིབ་བཤེར་དང་ ཐོ་བཀོད་བྱས་ཡོད་པ་དང་། དེ་བཞིན་ཁྱིམ་ཚང་སོ་སོའི་ནང་གི་གཞོན་སྐྱེས་ཚོས་ས་གནས་གང་དུ་ལས་ཀ་བྱེད་བཞིན་ཡོད་སྐོར་དང་། གལ་སྲིད་ལྷ་ས་ནང་དང་ཡང་ན་རྒྱ་ནག་ནང་ཁུལ་དུ་ཞོར་ལས་བྱེད་པར་སོང་བ་ཡིན་ན་སྤྱི་ཟླ་གསུམ་པའི་ནང་རང་ཁྱིམ་དུ་ཕྱིར་ལོག་དགོས་པ་སོགས་ཀྱི་བཙན་བཀའ་བཏང་ཡོད་འདུག
ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཕྱི་ནང་གསང་གསུམ་ནས་དམ་དྲག་དོགས་ཟོན་ནན་མོ་བྱས་དང་བྱེད་བཞིན་པ་རེད།
ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕྱི་ཟླ་ ༣ ཚེས་ ༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་གཞོན་སྐྱེས་གཙོས་བོད་མི་མི་གྲངས་༨༠་ལྷག་ལྡི་ལིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་བྱས་པའི་སྐབས་རྒྱ་གར་ཉེན་རྟོག་པས་ངོ་རྒོལ་བ་ཚོ་རིམ་པས་འཛིན་བཟུང་བྱས་ཤིང་། ཕྱི་ཚེས་ ༩ ཕྱི་དྲོ་འཛིན་བཟུང་བྱས་པའི་བོད་མི་དེ་དག་གློད་གྲོལ་ཟིན་ཡོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ་དང་། ཀླུ་འབུམ།