ལ་དགས་ཁུལ་དུ་ཆུ་ལོག་གོད་ཆགས་ཕོག་མི་རྣམས་ལ་རོགས་སྐྱོར།
2010.08.16
༄༅༎ལ་དགས་ཁུལ་དུ་དགུན་ཁ་སླེབས་ལ་ཉེ་བ་ཡོད་པའི་རྐྱེན་གྱིས་ལ་དགས་རྒྱལ་ས་གླེའི་ཁུལ་དུ་ཆུ་ལོག་ཚབས་ཆེ་བྱུང་ནས་གོད་ཆགས་ཕོག་པའི་མི་མང་རྣམས་ལ་རོགས་སྐྱོར་བྱ་རྒྱུའི་དུས་ཚོད་ཐུང་ངུ་ལས་མེད་སྐོར་དེ་རིང་ཕ་རན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ལ་དགས་ཀྱི་རྒྱལ་ས་གླེའི་ནང་ནང་མི་༨༠༠ལྷག་གི་ཁང་ཁྱིམ་དྲག་ཆར་ཤུགས་ཆེ་བབས་པའི་ཆུ་ལོག་གིས་འཁྱེར་བ་དང་མི་གྲངས་༡༩༠ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད་ རྒྱ་གར་བྱང་ཕྱོགས་མངའ་སྡེ་ཇ་མུ་དང་ཀཤི་མིར་ནང་མི་མང་མང་ཆེ་བ་ཁ་ཆེ་ཡིན་རུང་ ལ་དགས་ཀྱི་མི་མང་ཕལ་མོ་ཆེ་ནང་པ་ཡིན་པ་དང་རོགས་སྐྱོར་ལས་གཞི་དང་ཞལ་འདེབས་སོགས་ཕུལ་སྐབས་ཆོས་ལུགས་རིས་མེད་ཚང་མས་གང་ཡོང་ཅི་ཡོང་གནང་བཞིན་ཡོད་ཅིང་ ཁ་ཆེ་བ་ཨབ་རྡུལ་ས་ལམ་ཡིས་རང་ཉིད་སྣུམ་འཁོར་གྱི་ཁ་ལོ་པ་ཞིག་ཡིན་པའི་ཉིན་གཅིག་གི་ལས་གླ་ཧིན་སྒོར་༢༠༠ཐམ་པ་རྒྱལ་ས་གླེའི་ནང་ཡོད་པའི་ཁ་ཆེའི་ཕྱག་འཚལ་གཙོ་བོ་དེས་ད་རེས་ཆུ་ལོག་གི་དོ་ཕོག་བྱུང་བ་རྣམས་ལ་ཞལ་འདེབས་བསྡུ་རུབ་ཞུ་སའི་སྒམ་ཆུང་ནང་བླུགས་འདུག
ས་གནས་ཁ་ཆེའི་ཚོགས་པའི་ནང་དང་བླངས་གནང་མཁན་ནི་སའར་ཨེ་མེརྡ་ཡིས་འདས་པའི་ཉིན་ལྔའི་རིང་ཞལ་འདེབས་ཧིན་སྒོར་ལྔ་འབུམ་ཙམ་བསྡུ་རུབ་ཞུ་ཐུབ་པ་མ་ཟད་ ཚོགས་པ་དེས་ཆུ་ལོག་གིས་དཀའ་ངལ་འཕྲད་པའི་མི་མང་རྣམས་ལ་འབྲས་ཀི་ལོ་༥༠་རེ་ཐེ་བའི་བཟའ་འབྲུ་དང་གྱོན་གོས་བགོ་འགྲེམས་བྱས་པ་ཡིན་ ད་ལྟ་ནི་ཁ་ཆེའི་སྙུང་གནས་དུས་ཆེན་ཡིན་སྟབས་གཞན་ལ་ཕན་ཐོགས་གང་ཐུབ་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཡིན་ལུགས་ཀྱང་གསུངས་འདུག ཁ་ཆེའི་ཕྱག་འཚལ་ཁང་དེའི་ཉི་འཁྲིས་སུ་ཡོད་པའི་ནང་པའི་དགོན་པ་ཞིག་གིས་ཀྱང་ཞལ་འདེབས་བསྡུ་རུབ་ཞུ་བཞིན་ཡོད་པ་དང་ལ་དགས་ནང་པའི་ཆོས་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་པི་ཀྲི་ཀུན་བཟང་ལགས་ཀྱིས་མི་མང་གིས་ཞལ་འདེབས་གནང་བའི་དངུལ་གྱིས་ཆུ་ལོག་གི་དོ་ཕོག་བྱུང་བའི་མི་མང་རྣམས་ལ་འབྲས་དང་སྣུམ་ དེ་བཞིན་གྱོན་གོས་སོགས་མཁོ་སྤྲོད་ཐུབ་སྐོར་གསུངས་འདུག ཡང་ཀུན་བཟང་ལགས་ཀྱིས་ཟླ་བ་གཅིག་གི་ནང་ཚུད་ལ་ལ་དགས་ཁུལ་དུ་གནམ་གཤིས་གྲངས་མོ་ཆགས་རྒྱུ་དང་དེ་ནས་དགུན་ཁ་མགྱོགས་པོ་ཤར་རྒྱུ་ཡིན་པས་སྡོད་ཁྱིམ་མེད་པར་འགྱུར་བའི་མི་མང་རྣམས་ལ་རོགས་སྐྱོར་ཞུ་རྒྱུར་དུས་ཚོད་ཐུང་ངུ་ལས་མེད་སྐོར་གསུངས་འདུག
ཁ་ས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་རྒྱ་གར་རང་བཙན་ཐོབ་པའི་ཉི་མོ་སྲུང་བརྩིའི་གསུངས་བཤད་གནང་སྐབས་ལ་དགས་ནང་ཆུ་ལོག་གི་རྐྱེན་ངན་འོག་ཚེ་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན་ཞུས་པ་མ་ཟད་ རྐྱེན་ངན་དེའི་འོག་དོ་ཕོག་བྱུང་བའི་མི་མང་རྣམས་ལ་རྒྱ་གར་གཞུང་གིས་རོགས་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་འདུག་ལ་ ས་གནས་གཞུང་གིས་སྡོད་གུར་གྲངས་༧༠༠་དང་མལ་ཟན་༥༠༠༠་ལྷག་བགོ་འགྲེམས་ཟིན་པའི་གནས་ཚུལ་འདུག།