མའོ་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་བྱེད་ཕྱོཌ།
2009.04.19
༄༅༎མའོ་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་བལ་ཡུལ་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུའི་ལས་གཞི་དུས་བཀག་ནང་ཚུད་འགྲུབ་རྒྱུར་དཀའ་ཚེགས་འཕྲད་ངེས་ཡིན་ལུགས་དམག་མི་ཟླ་བསྒྲིལ་དམིགས་བསལ་ཚོགས་ཆུང་གིས་གསལ་བསྒྲགས་གནང་འདུག
དམག་མི་ཟླ་བསྒྲིལ་དམིགས་བསལ་ཚོགས་ཆུང་གིས་དམག་མི་ཟླ་བསྒྲིལ་གཏོང་རྒྱུའི་ལས་དོན་བྲེལ་ཚུབ་ངང་བྱས་ན་ཕུགས་རྒྱང་རིང་པོའི་མཇུག་འབྲས་ངན་པ་ཡོང་ཉེན་ཡོད་པས་ལས་དོན་མཇུག་བསྒྲིལ་བྱ་རྒྱུའི་དུས་བཀག་ཕར་འགྱངས་ཡོང་བའི་དགོངས་འཆར་ཕུལ་འདུག
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བལ་ཡུལ་ཆེད་གཉེར་དོན་གཅོད་ཀྱི་ལས་དུས་མ་རྫོགས་པའི་ཟླ་བ་གསུམ་ཙམ་གོང་དུ་དམག་མི་ཟླ་བསྒྲིལ་དང་གཞིས་ཆགས་ཀྱི་ལས་དོན་མཇུག་བསྒྲིལ་གནང་གལ་ཆེ་ལུགས་བལ་ཡུལ་དམག་མི་ཟླ་བསྒྲིལ་དམིགས་བསལ་ཚོགས་ཆུང་གིས་དགོངས་འཆར་ནང་འཁོད་ཡོད་པ་རེད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བལ་ཡུལ་ཆེད་གཉེར་དོན་གཅོད་ཀྱི་ལས་དུས་འདི་ལོ་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་གསུམ་ནས་རྫོགས་ཀྱི་ཡོད་ཅིང་དེའི་གོང་ལ་མའོ་དམག་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་བལ་ཡུལ་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་དང་དེ་འཕྲོས་རྣམས་ལ་གཞིས་ཆགས་མཐུན་རྐྱེན་སྦྱོར་ཟིན་པ་དགོས་ཀྱི་ཡོད་པ་རེད། གང་ལྟར་བལ་ཡུལ་མའོ་དྲག་སྤྱོད་པ་སྟོང་ཕྲག་མང་པོ་སྡོད་སྒར་ཁག་ནང་གནས་སྡོད་བྱེད་བཞིན་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་དང་དེ་མིན་ལས་དོན་གཞན་གྱི་ནང་འཚོ་བའི་མདུན་ལམ་མཐུན་རྐྱེན་གཞུང་ནས་གནང་དགོས་ཀྱི་ཡོད་པ་རེད༎