ལྷོ་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ལྷན་ཚོགས།
2010.04.27
༄༅༎ལྷོ་ཨེ་ཤི་ཡའི་མངའ་ཁུལ་མཉམ་འབྲེལ་མཐུན་ཚོགས་ཡུལ་གྲུའི་ལྷན་ཚོགས་དེ་འབྲུག་གི་རྒྱལ་ས་ཐིམ་པུར་གཟའ་ལྷག་པའི་ཉིན་ནས་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་ལྷན་ཚོགས་འདི་ལྟ་བུ་འབྲུག་གི་ནང་ཚུགས་པ་ཐོག་མ་དེ་ཡིན་ལ་ ཐེངས་འདིའི་ལྷན་ཚོགས་ཀྱི་ནང་ལྷོ་ཨེ་ཤི་ཡའི་མངའ་ཁུལ་ཡུལ་གྲུ་བདུན་གྱི་དབུ་འཁྲིད་ཡོངས་རྫོགས་ཕེབས་ཀྱི་ཡོད་པ་རེད།
ལྷོ་ཨེ་ཤི་ཡའི་མངའ་ཁུལ་ཡུལ་གྲུའི་མཉམ་འབྲེལ་མཐུན་ཚོགས་དེ་བཙུགས་ཏེ་ལོ་ངོ་ཉི་ཤུ་རྩ་ལྔ་འགྲོ་གི་ཡོད་ན་ཡང་འབྲུག་གིས་ལྷན་ཚོགས་དེ་མགྲོན་བདག་བྱས་པ་ད་རེས་དང་པོ་ཡིན་པ་དང༌། འབྲུག་གཞུང་གི་ངོས་ནས་ལྷན་ཚོགས་ཀྱི་གྲ་སྒྲིག་རྒྱུན་རིང་ནས་བྱས་ཡོད་པ་མ་ཟད་ འདས་པའི་ཟླ་བ་འགའ་ཤས་ནས་བཟུང་འབྲུག་གི་ནང་ཕྱི་མི་འགྲོ་བསྐྱོད་དང་གནས་མཇལ་དུ་བསྐྱོད་མཁན་གྱི་འགྲོ་འོང་སོགས་ཀྱི་ཐད་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།
དེ་རིང་གཟའ་མིག་དམར་ཉིན་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་སྐབས་ ཡུལ་གྲུ་འདི་དག་ཐོུང་གི་ཐོག་ནས་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ཐབས་ལམ་འཚོལ་ཞིབ་གནང་རྒྱུའི་ཐད་བཀའ་བསྡུར་གནང་ཡོད་ལ་ དེ་བཞིན་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་དེའི་སྐབས་མངའ་ཁུལ་དེའི་ནང་གི་རྨང་གཞིའི་འཛུགས་བསྐྲུན་ཡར་རྒྱས་གཏོང་རྒྱུར་དམིགས་ཏེ་ ཨ་རིའི་ཌོ་ལར་ས་ཡ་གསུམ་བརྒྱ་ཐམ་པའི་མ་དངུལ་ཟུར་འཇོག་བྱ་ཕྱོགས་དང་ དེ་བཞིན་ཡུལ་གྲུ་འདི་དག་ཕན་ཚུན་དབར་དཔྱ་ཁྲལ་མེད་པའི་ཚོང་ལས་གཏན་འབེབས་བྱ་ཕྱོགས་སོགས་ཀྱི་ཐད་ལ་བཀའ་བསྡུར་གནང་ཡོད་པ་རེད།
རྨང་གཞིའི་འཛུགས་བསྐྲུན་ཡར་རྒྱས་ཆེད་དམིགས་པའི་མ་དངུལ་ཐེབས་རྩ་དེ་བཞིན་རྒྱལ་ཁབ་ཆེ་ཆུང་ལ་གཞིགས་ཏེ་མ་དངུལ་བསྡུ་རུབ་བྱ་རྒྱུ་དང༌། མངའ་ཁུལ་ཡུལ་གྲུ་དེ་དག་ནང་གི་དབུལ་ཕོངས་ངལ་སེལ་གྱི་འཆར་གཞི་ཁག་ལ་དངུལ་བུན་གཏོང་རྒྱུའམ་ ཡང་ན་ དཔལ་འབྱོར་རོགས་རམ་བྱ་རྒྱུའི་ཆེད་བེད་སྤྱོད་བྱ་རྒྱུ་ཡིན་འདུག
ཚོང་ལས་ཀྱི་གྲོས་མཐུན་དེར་གཟའ་ལྷག་པ་དང་ཕུར་བུ་ཉིན་གྲངས་གཉིས་རིང་ཚུགས་རྒྱུའི་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་སྐབས་མིང་རྟགས་འགོད་རྒྱུ་ཡིན་ཞིང་ དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ ནི་རུ་པ་མ་ རའོ་ཡིས་གསུངས་ན་ ཚོང་ལས་སྤེལ་རྒྱུའི་གཞི་ཡུལ་དེའི་ནང་ འཕྲོད་བསྟེན་དང་ སྣེ་ལེན་ལས་རིགས་ འབྲེལ་འཐུད་ ཀམ་པུ་ཊར་དང་མཁའ་ལམ་འགྲུལ་ལས་བཅས་ཡོད་པ་འགྲེལ་བརྗོད་གནང་འདུག
ལྷོ་ཨེ་ཤི་ཡའི་མངའ་ཁུལ་གྱི་ཡུལ་གྲུ་བརྒྱད་པོ་ནི་རྒྱ་གར་དང་ པ་ཀིསི་ཐན་ སྦང་ལ་དེཤ་ ཨཕ་གྷནིསི་ཐན་ བལ་ཡུལ་ སི་རི་ལངྐ་ འབྲུག་དང་ མལ་དིལྦིསི་བཅས་ཡིན་པ་རེད།