ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཊོམ་ཀོ་ཊོན་ལགས་ཀྱི་ཕྱག་དེབ་རྒྱ་ནག་གི་སྐོར་བཤད་མི་ཆོག་པའི་གནད་དོན་བདུན་ཅེས་པས་རྒྱ་ནག་ནི་ཨ་རིར་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན།

2025.02.20
ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཊོམ་ཀོ་ཊོན་ལགས་ཀྱི་ཕྱག་དེབ་རྒྱ་ནག་གི་སྐོར་བཤད་མི་ཆོག་པའི་གནད་དོན་བདུན་ཅེས་པས་རྒྱ་ནག་ནི་ཨ་རིར་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཊོམ་ཀོ་ཊོན་ལགས་དང་ཁོང་གི་ཕྱག་དེབ་ཀྱི་མདུན་ངོས། ཟླ་ཚེས་མི་གསལ།
AP

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཊོམ་ཀོ་ཊོན་ལགས་ཀྱིས་གསར་དུ་འདོན་སྤེལ་ཞུས་པའི་དཔེ་དེབ། རྒྱ་ནག་སྐོར་ཤོད་མི་ཆོག་པའི་གནད་དོན་བདུན། ཞེས་པའི་ནང་རྒྱ་ནག་ནི་ཨ་རིར་ཉེན་ཁ་ཆེ་ཤོས་ཡིན་པ་གསལ་སྟོན་དང་། རྒྱ་ནག་གིས་ཨ་རིའི་གློག་བརྙན་བཟོ་སྐྲུན་ཁང་ལ་གནོན་ཤུགས་སྤྲད་དེ། བོད་ནང་ལོ་བདུན། སྐུ་མདུན། སོགས་རྒྱ་ནག་གི་ཁ་གཏད་ཀྱི་གློག་བརྙན་འགྲེམས་སྤེལ་ལ་དོ་དམ་བཀའ་སྡོམ་བྱེད་ཚུལ་ཐེར་འདོན་གནང་འདུག

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་དང་གྲོས་ཚོགས་ནང་གསང་བའི་ལས་ཁུངས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཊོམ་ཀོ་ཊོན་ལགས་ནས། རྒྱ་ནག་གི་སྐོར་བཤད་མི་ཆོག་པའི་གནད་དོན་བདུན་ (Seven Things You Can’t Say About China) ཞེས་པའི་ཕྱག་དེབ་གསར་པ་ཞིག་བཏོན་ཡོད་ཅིང་། ཁོང་གིས་དེབ་དེའི་ནང་དོན་དང་འབྲེལ་ཏེ་ (CBS) གསར་ཁང་དུ་གླེང་མོལ་ཞིག་གནང་བའི་ནང་། འཛམ་གླིང་འདིར་ཆབ་སྲིད་དང་དམག་དོན། དཔལ་འབྱོར་བཅས་གང་གི་ཆ་ནས་ཀྱང་ཨ་མི་རི་ཀ་ལ་ཉེན་ཁ་ཆེ་ཤོས་ནི་རྒྱ་ནག་དམར་ཤོག་གཞུང་ཆགས་ཡོད་པ་དང་། ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་གདོང་ཐུག་འབྱུང་སྲིད་པའི་ཉེན་ཁ་ཆེ་ཤོས་དེ་ཐེ་ཝན་གྱི་གནད་དོན་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུར་ཐེ་ཚོམ་མེད་ནའང་། རྒྱ་ནག་ནི་འཛམ་གླིང་གི་དམག་དོན་རྒྱ་བསྐྱེད་མྱུར་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་ཕྱོགས་མཚུངས། འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱ་ནག་གིས་དམག་དོན་ཡར་རྒྱས་ཐོག་ཨ་མི་རི་ཀ་ལས་ཀྱང་འགྲོ་སོང་ལྡབ་མང་པོ་བཏང་སྟེ་རྒྱ་ནག་གི་དམག་དཔུང་ནི་ཨ་མི་རི་ཀ་ལས་ལྡབ་འགྱུར་གྱིས་མང་བ་ཡོད་པ་གསལ་བཤད་གནང་ཡོད། དེ་བཞིན་ཁོང་གིས་རྒྱ་ནག་དེ་བཞིན་འཛམ་གླིང་གི་མེ་ཤུགས་འཕུར་མདེལ་གྱི་རུ་དཔུང་ཆེ་ཤོས་དང་། རྡུལ་ཕྲན་མཚོན་ཆ་ཐོན་སྐྱེད་མང་ཤོས་དང་མྱུར་ཤོས་ཤིག་ཆགས་ཡོད་པའི་མུར། དེང་དུས་ཆེས་ཡར་ཐོན་གྱི་མཚོན་ཆ་སྣ་ཚོགས་བཟོ་སྐྲུན་བྱེད་བཞིན་ཡོད་པས། ཨ་མི་རི་ཀས་ཀྱང་དམག་དོན་ཡར་རྒྱས་དང་བསྐྱར་སྐྲུན་གྱིས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་རྒྱ་ནག་གི་ཧམ་འཛུལ་རྒྱ་བསྐྱེད་འགོག་ཐབས་མི་བྱེད་ཐབས་མེད་དུ་གྱུར་ཡོད་པ་སོགས་གསུངས་ཡོད་པ་རེད།

ད་དུང་ཁོང་གིས་མུ་མཐུད། "རྒྱ་ནག་གི་སྐོར་བཤད་མི་ཆོག་པའི་གནད་དོན་བདུན་"ཞེས་པའི་ནང་། རྒྱ་ནག་གིས་ང་ཚོའི་དཔོན་རིགས་ཚོར་དངུལ་མང་པོ་སྤྲད་དེ་རིན་འབབ་ཞིག་བླངས་པ་ནི། ད་ཆ་རྒྱ་ནག་གཞུང་ནི་ཨ་མི་རི་ཀའི་རང་དབང་ལ་ཉེན་ཁ་ཆེ་ཤོས་ཡིན་པའི་སྐོར་རྒྱས་བཤད་དང་བསྟུན། ཨ་རིའི་དཔོན་རིགས་ཚོས་རྒྱ་ནག་གུང་ཁྲན་ཏང་ལ་མགོ་བཏགས་ཞུས་ཏེ། པེ་ཅིན་གཞུང་གིས་བསག་བཞིན་པའི་ནག་ཉེས་ཀྱི་བྱ་སྤྱོད་ནང་དངོས་སུ་མཉམ་ཞུགས་བྱེད་བཞིན་པ་དེས། ཨ་མི་རི་ཀའི་སྤྱི་ཚོགས་ཀྱི་ཆ་ཤས་གང་སར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་ཅེས་བྲིས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཕྱོགས་མཚུངས་དཔེ་དེབ་དེའི་ནང་དུ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཚོར་དམ་དྲག་དང་གློག་བརྙན་བཟོ་མཁན་ཚོར་དཔལ་འབྱོར་ཉེས་ཆད་བཀལ་ཏེ་རྒྱ་ནག་གིས་ཨ་མི་རི་ཀའི་ཧོ་ལི་ཝུཌ་ (Hollywood) གློག་བརྙན་བཟོ་སྐྲུན་ཁང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་གསལ་སྟོན་གནང་ཡོད། དེ་ལ་བརྟེན་ནས་མི་རབས་གཅིག་ལྷག་གི་རིང་། རྒྱ་ནག་ལ་མི་དགའ་བའམ་རྒྱ་ནག་གི་སྐྱོན་ཆ་དང་འབྲེལ་བའི་གློག་བརྙན་བཟོ་སྐྲུན་བྱས་མེད་ལ། དེ་སྔོན་ (Sony Pictures) གློག་བརྙན་ཚན་པས་ཨ་རིའི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ། བྷརེཌ་པིཊ་ (Brad Pitt) ཡིས་འཁྲབ་པའི་བོད་ནང་ལོ་བདུན་ (Seven Years in Tibet) ཞེས་པའི་གློག་བརྙན་དང་། ཌིས་ནི་ (Disney) ཡི་གློག་བརྙན་འཁྲབ་ཁྲིད་པ་མར་ཊིན་སིཁོར་སེ་སེ་ (Martin Scorsese) ཡིས་བཟོས་པའི་"སྐུ་མདུན་"ཞེས་པའི་གློག་བརྙན་གཉིས་བཟོས་པར།  གློག་བརྙན་དེ་གཉིས་ཀས་རྒྱ་ནག་གིས་བོད་ནང་མི་རིགས་རྩ་མེད་གཏོང་བཞིན་པར་སྐྱོན་བརྗོད་བྱས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་བསྔགས་བརྗོད་གནང་ཡོད་པས། དེར་རྒྱ་ནག་གཞུང་གིས་ཁོང་ཁྲོ་ལང་ནས་འཕྲལ་མར་དམིགས་འབེན་དུ་བཟུང་སྟེ། ཌིས་ནི་དང་སོ་ནིའི་ཁོངས་གཏོགས་ཀྱི་ (Columbia Tristar) སོགས་རྒྱ་ནག་ནང་འཛུལ་ཞུགས་མི་ཆོག་པ་བཟོས་པ་དང་། འཁྲབ་འཁྲིད་པ་སི་ཁོར་སེ་སེ་ (Martin Scorsese) དང་གློག་བརྙན་འཁྲབ་སྟོན་པ་བྷརེཌ་པིཊ་ (Brad Pitt) གཉིས་རྒྱ་ནག་ནང་འགྲོ་སྐྱོད་མི་ཆོག་པ་བཟོས་པ་མ་ཟད། སོ་ནིའི་ལས་བྱེད་ཚང་མ་རྒྱ་ནག་ནས་ཕྱིར་འབུད་གཏོང་རྒྱུའི་འཇིགས་སྐུལ་ཡང་བྱས་ཡོད་པ་དང་། ཌིས་ནི་(Disney) ཡི་འགན་འཛིན་མཡེ་ཀལ་ ཨེསི་ནེ་ (Michael Eisne) ལགས་ཆེད་དུ་རྒྱ་ནག་པེ་ཅིང་ལ་བསྐྱོད་ནས་སྐུ་མདུན་ཞེས་པའི་གློག་བརྙན་དེ་བཟོས་པ་ནི་ཁོང་ཚོའི་ནོར་འཁྲུལ་ཞིག་ཡིན་པར་བརྟེན། ཕྱིས་འབྱུང་དེ་ལྟར་མི་གནང་བའི་སྔ་འགྱོད་ཕྱི་སྡོམ་ལྟ་བུའི་དགོངས་སེལ་ཡང་ཞུ་དགོས་ཐུག་པའི་གནས་སྟངས་ཀྱང་གསལ་སྟོན་གནང་འདུག

རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཨ་མི་རི་ཀའི་ཧོ་ལི་ཝུཌ་ཡི་གློག་བརྙན་མང་དག་ཅིག་གི་ནང་། རྒྱ་ནག་ལ་ཕོག་ཐུག་འབྱུང་སྲིད་པའི་གནད་དོན་རྣམས་བཅོས་སྒྲིག་དང་གཅད་གཏུབས་ཀྱིས་མེད་པ་བཟོས་ཡོད་པ་མ་ཟད། གྲགས་ཅན་འཁྲབ་སྟོན་པ་ཚོས་ཀྱང་བོད་དང་ཐེ་ཝན་སོགས་རྒྱ་ནག་གི་ཆ་ཤས་མིན་པའི་རྣམ་པ་བསྟན་ཚེ། འཕྲལ་དུ་རྒྱ་ནག་ལ་དགོངས་དག་སོགས་ཞུས་དགོས་ཐུག་བཞིན་པ་ནི། རྒྱ་ནག་ནང་གློག་བརྙན་བལྟ་མཁན་གྱི་མི་འབོར་འཕོན་ཆེ་དང་གློག་བརྙན་གྱི་ཁྲོམ་རྭ་ཆེན་པོ་ཡོད་པའི་དབང་གིས། གལ་ཏེ་རྒྱ་ནག་ནང་ཨ་མི་རི་ཀའི་གློག་བརྙན་རྣམས་བཀག་སྡོམ་བྱས་ཚེ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཡོད་པས། གནས་ཚུལ་དེ་གྲས་མི་ལྷག་པའི་ཆེད་དང་གློག་བརྙན་བཟོ་ཚོང་ལ་གྱོང་གུན་མི་ཕོག་པའི་ཕྱིར་དུ་རྒྱ་ནག་ལ་བསྟུན་མཁས་གནང་དགོས་ཐུག་གི་ཡོད།

དེ་བཞིན་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཊོམ་ཀོ་ཊོན་ལགས་ཀྱིས་། ཨ་མི་རི་ཀའི་སོ་སོའི་སྲུང་སྐྱོབ་དང་བདེ་འཇགས་ཆེད་དུ། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་ (Tik Tok) སོགས་ཨ་མི་རི་ཀའི་ནང་བཀག་སྡོམ་གཙང་བཟོ་བྱས་ཏེ། རྒྱ་ནག་དམར་གཞུང་དང་དེའི་འཕྲུལ་ལས་ཀྱི་རིགས་བཅས་ལ་འབྲེལ་ཐག་གཙང་བཅད་གནང་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད་པ་རེད། །

གསར་འགོད་པ། བློ་བྷེ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎