ཨ་རིའི་གྲོས་ཚོཊ་འོག་མའི་ནང་བོད་དོན་ཐད་ཉན་ཞིབ་གནང་བ།
2015.04.21
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་དོན་ཐད་ཉན་ཞིབ་བསྐོང་ཚོགས་གནང་བ།
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་དེ་རིང་ཕྱི་ཟླ་ ༤ ཚེས་༢༡ཉིན་རྒྱབ་བོད་དོན་ཐད་ཉན་ཞིབ་ཅིག་བསྐོང་ཚོགས་གནང་བཞིན་པ་དང་། ཚོགས་ཆུང་འདི་ནི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་འདས་པོ་སྐུ་ཞབས་ཊོམ་ལེན་ཊོསི་ཡི་མཚན་གནས་རྗེས་དྲན་དང་ཆེ་བསྟོད་མཚོན་ཆེད་ཨ་རིའི་གྲོས་ཚོགས་འོག་མའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཐད་ཞིབ་འཇུག་དང་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཆེད་བཙུགས་པ་ཞིག་ཡིན་པ་རེད།
ཚོགས་ཆུང་འདིའི་མཚན་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། བོད་ནི་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་འཕེལ་རིམ་ནང་རྣོ་ངར་ཆེ་ཤོས་ཀྱི་གནད་དོན་གྲས་ཤིག་ཡིན་པ་རེད་ཅེས་དང་། ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་སྲིད་ཇུས་ལས་དོན་ཕྱི་ལོ་༢༠༠༢ཞེས་པ་གཏན་འབེབས་བྱས་པ་དེ་གཞིར་བཟུང་གི་ཐོག་ནས་ཨ་མི་རི་ཀའི་གཞུང་གིས་བོད་དོན་ཐད་སྲིད་ཇུས་ལག་བསྟར་གནང་དགོས་པ་དང་། དེའི་ནང་དོན་གནད་གཙོ་བོ་ཞིག་ནི་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་དང་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དབར་གྲོས་མོལ་འབྱུང་ཐབས་ལ་འབད་བརྩོན་གནང་དགོས་པ་གསལ་ཡོད་པ་འཁོད་འདུག
དེ་བཞིན་གསར་འགོད་གསལ་བསྒྲགས་དེའི་ནང་ཉེ་ཆར་ཕྱི་ཟླ་༤ ཚེས་༡༥ཉིན་རྒྱ་ནག་གཞུང་གིས་བོད་དོན་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་བཏོན་ཡོད་པ་དེའི་ནང་རྒྱ་ནག་གཞུང་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབར་གྱི་འབྲེལ་ལམ་ཡར་རྒྱས་འབྱུང་ཐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ངོས་ནས་བོད་འདི་སྔ་དུས་ནས་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པ་གསལ་བསྒྲགས་གནང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་བཏོན་ཡོད་པ་རེད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ད་བར་བོད་མི་བརྒྱ་དང་གསུམ་བཅུ་ལྷག་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བའི་གནས་ལུགས་གསལ་སྟོན་བྱེད་བཞིན་ཡོད་པ་སོགས་བཀོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་ཆེད་བསྐོང་གནང་པའི་བོད་དོན་ཐད་ཀྱི་ཉན་ཞིབ་འདིའི་ཐོག་ད་ལྟའི་བོད་ནང་གི་གནས་བབ་སྤྱི་དང་ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཞུ་སྙན་འབུལ་མཁན་གྱི་ཆེད་ཨེ་ཤི་ཡ་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྒྱ་ནག་གི་གནད་དོན་ཐད་ཉམས་ཞིབ་གནང་མཁན་ཀ་བཙན་བླ་མ་སྐྱབས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་Matteo Macacciབཅས་ཡོད་འདུག
གནས་ཚུལ་ཞིབ་ཕྲ་ཉན་ཞིབ་རྗེས་འདི་གའི་ཆེད་མངགས་གསར་འགོད་པས་གནས་ཚུལ་སྤེལ་རྒྱུ་ཡིན།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།