གྲོས་ཚོཊ་ཀྱིས་བོད་དོན་ཉན་ཞིབ་སྐབས་རྒྱབ་ཤ་དཀར་པོ་གླེང་བ།
2015.04.22
༧གོང་ས་མཆོག་གིས་བོད་ཀྱི་ལོ་རྒྱུས་སུབ་ཐབས་མེད་པ་ཞིག་རེད་ཅེས་གསུངས་བ་གྲོས་ཚོགས་ཀྱི་ཉན་ཞིབ་སྐབས་ལུང་འདྲེན་གནང་འདུག
སྤྱི་ཟླ་༤པའི་ཚེས་༢༡་ཉིན་གྱི་ཕྱི་དྲོ་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་དོན་ཐོག་ཉན་ཞིབ་ཞིག་སྐོང་ཚོགས་གནང་གནང་ཡོད་པ་དང་། ཉན་ཞིབ་གཙོ་སྐྱོང་ཞུ་མཁན་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ཁག་གིས་ཉེ་ལམ་སྤྱི་ཟླ་༤པའི་ཚེས་༡༥ཉིན་རྒྱ་ནག་གཞུང་གིས་བོད་ཐོིག་རྒྱབ་ཤ་དཀར་པོ་ཞེས་འདོན་སྤེལ་བྱས་ཡོད་དེའི་ནང་། རྒྱ་བོད་འབྲེལ་མོལ་ཡར་རྒྱས་གཏོང་ཐབས་སུ་སྔོན་འགྲོའི་ཆ་རྐྱེན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་ངོས་ལེན་གྱིས་ཕྱིར་བསྒྲགས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དེ་རྒྱ་ནག་གི་ལམ་ཕྱོགས་གསར་པ་དང་དགོས་འདུན་གསར་པ་ཞིག་ཡིན་མིན་གྱི་ཐོག་བགྲོ་གླེང་བྱུང་ཡོད་པ་རེད། སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་མ་ཏུ་མ་ཀེ་སི་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ལོ་རྒྱུས་སུབ་ཐབས་མེད་པ་ཞིག་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་རེད། འོན་ཀྱང་ད་ལྟའི་འཛམ་གླིང་སྟེང་གསལ་པོ་མཁྱེན་དགོས་པ་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་རང་བཙན་རྩོད་པ་གནང་གི་མེད་པ་དང་། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་རྩོད་པ་གནང་གི་ཡོད་པ་གསལ་བཤད་གནང་ཡོད་པ་རེད། ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་རྒྱ་ནག་ཕྱོགས་ནས་བོད་ཐོག་རྒྱབ་ཤ་དཀར་པོ་ཐེངས་༡༣ཙམ་བཏོན་ཚར་ཡོད་པ་རེད། ད་རེས་དེའི་ནང་མི་འདྲ་བ་གཅིག་དེ་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ཟུར་ཟ་དང་མཚན་སྨད་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དེ་རེད། དེ་མིན་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་བཤད་སྟངས་མི་འདྲ་ཞིག་དང་ཚིག་བེད་སྤྱོད་གཏོང་སྟངས་མི་འདྲ་བ་ཞིག་ལས་དེ་སྔོན་ག་དུས་ཡིན་ནའང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེ་ཐེངས་མང་བཤད་ཚར་བའི་སྐད་ཆ་རྙིང་པ་ཞིག་རེད་ཅེས་གསུངས་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཟུར་པ་བླ་མ་སྐྱབས་ལགས་ཀྱིས་ཁོང་ཉིད་བོད་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། གོང་འཕེལ་གཏོང་ཐབས་ཆེད་དུ་བོད་ཡིག་སློབ་གྲྭ་གསར་འཛུགས་བྱས་པར་བརྟེན་ནས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་མྱོང་བས་སྐད་ཡིག་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་རང་མྱོང་གི་དཔང་རྟགས་ར་སྤྲོད་དང་། དེ་བཞིན་བོད་ནང་འཕྲད་བཞིན་པའི་བོད་མི་ཚོར་མནར་གཅོད་དང་། འབྲོག་པ་གནས་སྤོས་རང་ལུས་མེར་བསྲེགས་བཅས་ཀྱི་སྐོར་གསུངས་ཡོད་པ་རེད། ཉན་ཞིབ་གཙོ་སྐྱོང་མཁན་ཨ་རིའི་གྲོས་འཐུས་མི་ཇི་མ་ཀི་གོ་པི་མཆོག་གིས་སྔོན་འགྲོའི་གསུངས་བཤད་ནང་བོད་ཀྱི་གནད་དོན་ཐོག་ང་ཚོ་འདིར་འཛོམས་པ་ཚང་མས་སེམས་ཁུར་དང་སེམས་འཚབ་ཆེན་པོ་ཡོད་པ་བཤད་མ་དགོས་པ་རེད། འོན་ཀྱང་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ཕྱིས་དྲག་པ་ལས་སྔ་དྲག་མེད་ཅིང་། ང་ཚོས་བསམ་བློ་གསར་པ་དང་ཐབས་ལམ་གསར་པ་བཙལ་ནས་བོད་དོན་ཐོག་ལག་བསྟར་བྱ་འོས་གང་ཡོད་ལྟ་རྒྱུ་དེ་རེད། འདི་ལོ་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐོང་གནས་བབ་དེ་ཛ་དྲག་དང་གལ་ཆེན་ཞིག་ཏུ་བརྩིས་ནས་ད་དུང་འབྱུང་འགྱུར་གྲོས་ཚོགས་ནང་ཉན་ཞིབ་གི་ལས་རིམ་བང་བསྒྲིགས་ཡོད་སྐོར་སོགས་གསུངས་སོང་། ད་དུང་ཁོང་གིས་བོད་ཀྱི་གནད་དོན་དེ་ནི་ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོར་རྣོ་ཆེ་ཤོས་ཀྱི་གནད་དོན་ནང་ནས་གཅིག་དེ་རེད། ཨ་རིའི་༢༠༠༢ལོའི་བོད་དོན་ཆེད་ཨ་རིའི་སྲིད་ཇུས་ཁྲིམས་ཡིག་གཏན་འབེབས་བྱས་པ་དེའི་ནང་རྒྱ་ནག་གཞུང་དང་བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚབ་བར་གྲོས་མོལ་ལ་རྒྱབ་སྐྱོར་དང་བསྐུལ་མ་བྱེད་རྒྱུར་གནད་དོན་གཙོ་བོ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད། རྒྱ་བོད་བར་༢༠༠༢ལོར་ནས་༢༠༡༠བར་གྲོས་མོལ་ཐེངས་༩གནང་ཡོད་ཀྱང་ ད་ལྟའི་གྲོས་མོལ་དེ་མཚམས་ཆད་ཡོད་པ་མ་ཟད། གྲོས་མོལ་བསྐྱར་གསོའི་ཐོག་ལ་གདོང་ལེན་བྱེད་རྒྱུ་གནད་དོན་གསར་པ་དང་། ཕྱོགས་མཚུངས་༧གོང་ས་ཏཱ་ལའི་བླ་མ་མཆོག་འདི་ལོ་སྤྱི་ཟླ་༧པའི་ནང་དགུང་གྲངས་༨༠ལ་ཕེབས་ཀྱི་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ཚར་ཡོད་པ་བརྟེན་རྒྱ་བོད་འབྲེལ་མོལ་མཇུག་སྐྱོང་གི་ཐོག་ལ་ཡང་ཤུགས་རྐྱེན་ཐེབས་ངེས་ཞིག་ཡིན་པའི་སྐོར་ཉན་ཞིབ་གསལ་བསྒྲགས་ནང་འཁོད་ཡོད། ད་ཐེངས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེཀེ་གོ་བིལ་དང་། ཇོ་སེ་ཕིང་བི་གྲིས་གྱིས་གཙོ་སྐྱོང་འོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཏུ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ལས་བྱེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། གསར་འགོད་པ་དང་། དོ་སྣང་ཅན་གྱི་མི་དམངས་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ཐོག་ཁྲིམས་གཞི་གསར་པའི་ནང་འཁོད་པ་བཞིན་རྒྱ་ནག་དང་ཨ་རིའི་བར་ཕན་ཚུན་དགོས་འདུན་བརྗེ་རེས་དང་འབྲེལ་བའི་ཡིག་ཆ་ཁག་ཀྱང་འགྲེམས་སྤེལ་གནང་འདུག ད་རེས་ཉན་ཞིབ་གནང་དགོས་དོན་གཙོ་བོ་རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོ་དེབ་ལ་ལན་འདེབས་དང་། དེ་བཞིན་ཨ་རིིའི་གྲོས་ཚོགས་ཀྱི་བོད་དོན་ཐོག་ཁ་ཡོད་ལག་ཡོད་ཀྱི་བྱ་བ་གནང་ཐུབ་པའི་བསམ་ཚུལ་་གསར་པ་གང་ཡོད། དེ་བཞིན་རྒྱ་བོད་གྲོས་མོལ་བསྐྱར་གསོ་དེ་གལ་ཆེན་སྐོར་དྲན་སྐུལ་གྱི་ཆེད་དུ་ཚོགས་འདུ་བསྐོང་ཚོགས་གནང་བ་ཞིག་རེད་འདུག་ལ་ཆུ་ཚོད་གཅིག་གི་དུས་ཡུན་ནང་བོད་ཀྱི་ད་ལྟའི་གནས་བབ་དང་། རྒྱ་ནག་གི་ད་ལྟའི་བོད་ཐོག་སྲིད་ཇུས་སྐོར་བཅས་ལ་གོ་བསྡུར་སྦྱང་བཤད་ལྷུག་པོ་གནང་ཡོད་པ་མ་ཟད། བོད་ནང་རྒྱལ་སྤྱིའི་རང་དབང་ཅན་གྱི་གནས་ཚུལ་རྟོགས་ཞིབ་བྱེད་མཁན་གཏོང་དགོས་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་གསར་འཛུགས་ཐོག་མུ་མཐུད་ཤུགས་སྣོན་དང་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་དང་ཨ་རིའི་བར་ཕན་ཚུན་དགོས་འདུན་བརྗེ་རེས་དང་འབྲེལ་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པ་སོགས་ཀྱི་བསམ་ཚུལ་སོགས་བཏོན་གནང་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།