བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་གྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་སོང་།

2022.05.26
བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་གྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་སོང་།
Xinhua

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་མེ་ཤེལ་བྷ་ཆེ་ལེ་ཌི་ལགས་ནས་རྒྱ་ནག་ནང་གཟིགས་སྐོར་བྱེད་བཞིན་པ་དང་འབྲེལ། རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་ཟེར་བ་གློ་བུར་བོད་ཀྱི་ས་ཁུལ་ཁག་ཅིག་ནང་མི་མང་ལ་དམ་དྲག་དང་ཞིབ་བཤེར་འོག་ལྟ་སྐོར་གྱིས། ས་གནས་དགོན་པ་དང་སློབ་གྲྭ། འབྲོག་པ་མང་ཚོགས་བཅས་དང་ཐུག་འཕྲད་ཀྱིས་ཁ་བྲལ་ལ་འཐབ་རྩོད་དང་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དགོས་པའི་གཏམ་བཤད་བྱས་ཡོད་པ་དང་། ཐེངས་འདིར་གོང་རིམ་གྱི་མགོ་ཁྲིད་ཁོང་གི་ལྟ་སྐོར་ག་རེ་ཆེད་ཡིན་གསལ་ཁ་མེད་ན་ཡང་། ས་གནས་ཁག་མང་དག་ཅིག་ལ་ལྟ་སྐོར་དང་གཞུང་ངོས་ནས་ལྟ་སྐོར་དེ་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་དང་གྲྭ་སྒྲིག་བྱས་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ཝང་དབྱང་ལྟ་སྐོར་སྐབས་ས་གནས་ཡུལ་མི་ཚོའི་འགྲོ་འདུག་ལ་དམ་དྲག་དང་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་ཚོགས་པ་ཁག་ནང་ས་གནས་འབྲེལ་ཡོད་མགོ་ཁྲིད་ཚོས་ཞིབ་བཤེར་རིགས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་བོད་རྒྱའི་དཀའ་རྙོག་དེ་སེལ་བར་ཁ་བྲལ་རིང་ལུགས་ཞེས་པའི་ཚིག་བེད་སྤྱད་ནས་ལས་དོན་བྱེད་ཕྱོགས་གཞན་ཞིག་བྱས་པ་ཡིན་ན་འགྲིག་གི་མེད་པས། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་བྱས་ཏེ། བོད་རྒྱུའི་གནད་དོན་སེལ་རྒྱུལ་དུས་ལ་བབ་ཡོད་སྐོར་གསུངས་སོང་།

ཡང་དེ་འབྲེལ་གནས་ཚུལ་སྐོར་ལ་ཀླུ་ཆུ་རྫོང་རྒྱ་ཡིག་གསར་འགྱུར་དྲ་རྒྱར་སྤེལ་བའི་ནང་། ཐེངས་འདིར་ཝང་དབྱང་གིས་ཕྱི་ཚེས་ ༢༣ ནས་ ༢༥ བར་ལྟ་སྐོར་བྱེད་ས་གཙོ་བོ་རྒྱ་ནག་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཀན་ལྷོ་ཁུལ་གྱི་ས་གནས་ཡུལ་མི་དང་དགོན་སྡེ། སློབ་གྲྭ་ཁག་ཏུ་རྒྱ་ནག་གཞུང་གིས་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ཟེར་བ་ལག་བསྟར་གྱིས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་དམ་པོར་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་གྱང་རྩིག་བརྟན་པོ་བཟོ་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ལོ་རྒྱུས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་དང་མཐུན་ཐབས་དང་བོད་ཀྱི་དགོན་སྡེའི་དོ་དམ་ཤུགས་ཆེ་གཏོང་དགོས་ཡོད་སྐོར་བཀོད་ཡོད་འདུག

གཞན་རྒྱ་ནག་གཞུང་གིས་ཝང་དབྱང་གིས་ཀན་ལྷོའི་གྲོང་གསེབ་ཁག་དང་འབྲོག་ཁུལ། སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཁག་ཏུ་ལྟ་སྐོར་ལས་ས་གནས་གང་དུ་ལྟ་སྐོར་བྱས་ཡོད་སོགས་བཀོད་མེད་ན་ཡང་། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བར་གཞིགས་ན་ཝང་དབྱང་གིས་ཐེངས་འདིར་བོད་ཁུལ་གྱི་ལྟ་སྐོར་བྱེད་སའི་ས་ཆ་གཙོ་བོ་ཀན་ལྷོ་དང་མདོ་ལྷོ་ཀླུ་ཆུ་རྫོང་། དེ་བཞིན་སྟག་ཚང་ལྷ་མོ་གསེར་ཁྲི་དགོན་དང་དེ་ཁུལ་གྱི་སློབ་གྲྭ་དང་མང་ཚོགས་ཁྲོད་ལྟ་སྐོར་བྱས་ཡོད་པ་དང་། ཡང་བསྟན་འཛིན་ལེགས་བཤད་ལགས་ནས་རྒྱ་ནག་གཞུང་གིས་བོད་སྐོར་གྱི་སྲིད་བྱུས་དེ་དམ་དྲག་ཆེན་པོ་ཡིན་པ་མ་ཟད། རྒྱ་ནག་གིས་ནམ་རྒྱུན་ཁ་བྲལ་རིང་ལུགས་ཀྱི་ཚིག་དེ་ཁ་ལ་འཁུར་ནས་བོད་ཀྱི་ཆོས་དང་རིག་གཞུང་། འཚོ་གནས་དང་བཅས་པ་རྩ་གཏོར་གཏོང་བཞིན་པ་དེ་ཏག་ཏག་བསྡད་མེད་སྐོར་གསུངས་སོང་།

རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་ཟེར་ད་ཐེངས་གཅིག་པུ་ཙམ་མ་ཡིན་པར། ནམ་རྒྱུན་ཆབ་སྲིད་ཀྱི་གནད་དོན་ཆེ་ཁག་ལ་བོད་ཀྱི་ས་ཁུལ་ཁག་ནང་ལྟ་སྐོར་གྱིས་ཁ་བྲལ་ལ་ངོ་རྒོལ་དང་འཐབ་རྩོད་དགོས་པའི་གཏམ་བཤད་རིགས་ཐེངས་འགར་བྱས་ཡོད་པ་རེད་ལ། ཕྱི་ལོ་༢༠༡༨ལོར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་སེར་འབྲས་དགེ་གསུམ་སོགས་སུ་ལྟ་སྐོར་གྱིས་སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་སླད་ངེས་པར་དུ་ཁ་བྲལ་རིང་ལུགས་ཕྱོགས་ཁག་ལ་ཁ་གཏད་གཅོད་དགོས་སྐོར་བརྗོད་ཡོད་པ་རེད་ལ། ཡང་ཕྱི་ལོ་༢༠༡༩ལོར་བོད་ནང་གི་ཆབ་མདོ་དང་གསེར་རྟ་བླ་རུང་སོགས་སུ་ལྟ་སྐོར་གྱིས་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཁ་བྲལ་ལ་ངོ་རྒོལ་དང་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོབ་བྱེད་པར་ནུས་ཤུགས་འདོན་དགོས་པའི་གཏམ་བཤད་དང་། དེ་བཞིན་ཕྱི་ལོ་༢༠༢༠ལོར་གཞིས་རྩེ་ཁུལ་དུ་ལྟ་སྐོར་དང་འབྲེལ་བོད་ཀྱི་ལས་དོན་ལ་ཚད་མཐོའི་ཞིབ་ལྟ་དང་འཆར་འགོད་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

 གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎