ཐེ་དབན་གྱི་ཆེས་མཐོའི་ཁྲིམས་ཞིབ་པ་རྒྱ་ནག་ཏུ་འཚམས་འདྲི།
2011.06.05
༄༅༎ཐེ་དབན་གྱི་ཆེས་མཐོའི་ཁྲིམས་ཞིབ་པ་གཟའ་འཁོར་དེའི་ནང་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་དེ། རྒྱ་ནག་དང་ཐེ་དབན་དབར་ཁྲིམས་ཀྱི་ལས་དོན་ཐོག་ཕན་ཚུན་མཉམ་རུབ་བྱ་རྒྱུའི་གྲོས་ཆམ་བྱུང་བ་བཞིན་འབྲུ་དོན་དེའི་ཐོག་ནས་ཐེ་དབན་གྱི་ནག་ཅན་པ་བྲོས་བྱོལ་དུ་ཕྱིན་པ་རྒྱ་ནག་ཕྱོགས་ནས་རྩིས་སྤྲོད་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།
ཐེ་དབན་གྱི་རྒྱལ་ས་ཐེ་ཕེ་ཡི་རྒྱ་ནག་གི་དུས་དེབ་ཞེས་པའི་གསར་འགྱུར་དྲ་རྒྱའི་ཐོག་རེས་གཟའ་ལྷག་པའི་ཉིན་ཐེ་དབན་གྱི་ཆེས་མཐོའི་ཁྲིམས་ཞིབ་པ་ད་རེས་ཐེངས་དང་པོ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དང༌། དེ་ནི་རྒྱ་ནག་དང་ཐེ་དབན་མཚོ་ཁག་གཉིས་བར་དགྲ་ཁོན་འཛིན་དུ་གནས་པ་དེ་༢༠༠༨ ནས་བཟུང་བཟང་ཕྱོགས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྨང་གཞི་ཐོག་འབྲེལ་ལམ་སྔར་བས་ཡར་རྒྱས་ཕྱོགས་སུ་མྱུར་པོ་འགྲོ་བའི་རྟགས་མཚན་ཞིག་ཡིན་པ་བཀོད་ཡོད་པ་རེད། ཁྲིམས་ཞིབ་པ་ཧུའང་ད་རེས་རྒྱ་ནག་གི་འཚམས་འདྲི་དེའི་རིང་ལ་རྒྱ་ནག་གི་དཔོན་རིགས་ལྷན་དུ་གྲོས་མོལ་གནང་བ་བརྒྱུད། ཐེ་དབན་གྱི་ཚབས་ཆེ་བའི་ནག་ཅན་པ་རྒྱ་ནག་ཏུ་བྲོས་བྱོལ་དུ་ཕྱིན་པ་རྣམས་ཐེ་དབན་དུ་རྩིས་སྤྲོད་ཡོང་ཐབས་མཉམ་ལས་ཡོང་བའི་རེ་འདུན་བྱ་རྒྱུ་དང༌། ད་དུང་པེ་ཅིང་དུ་ཁྲིམས་ཁང་དང་ཁྲིམས་དོན་ལྷན་ཁང་དུ་གཟིགས་སྐོར་དུ་ཕེབས་ཡིན་པ་རེད། ༢༠༠༩ ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་དང་ཐེ་དབན་དབར་ལ་ཕན་ཚུན་ཁྲིམས་ཀྱི་ལས་དོན་མཉམ་ལས་བྱ་རྒྱུའི་གྲོས་ཆམ་བྱུང་བ་དེ་ནི། ཡུལ་གྲུ་གཉིས་དབར་ལ་དཔལ་འབྱོར་འབྲེལ་ལམ་ཉེ་རུ་འགྲོ་བའི་དུས་དེར་ནག་ཅན་པ་ཁ་གཏད་གདོང་ལེན་བྱ་རྒྱུའི་ལས་དོན་གྱི་རྣམ་གྲངས་ཤིག་ཡིན་པ་རེད།