ཆོས་ཚོགས་ཐེངས་བཅུ་གཅིག་པ་རྡ་སར་དབུ་བཙུགས།

བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཆོས་ཚོགས་ཐེངས་བཅུ་གཅིག་པ་འདི་བཞུགས་སྒར་རྡ་རམ་ས་ལར་དབུ་བཙུགས་གནང་འདུག

2011.09.22

༄༅༎ཁ་ས་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་ གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ་དང་ གཞན་ཡང་བླ་སྤྲུལ་མཁན་པོ་སོགས་ ཆོས་ལུགས་ཀྱི་གནས་ཡོད་མི་སྣ་ཁག་འདུ་འཛོམས་ཀྱིས་ ལོ་གཉིས་རེའི་མཚམས་སུ་ཚུགས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་འདི་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་ཡོད་པ་རེད་
དེ་ཡང་ཐོག་མར་ཁྱུང་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་ཚོགས་ཆེན་དབུ་བཙུགས་གནང་ཡོད་པ་དང་ ཚོགས་བཅར་བ་ཡོངས་ནས་ཉེ་ཆར་དགོངས་པ་རྫོགས་པའི་སྔ་འགྱུར་རྙིང་མའི་བླ་ཆེན་སྐྱབས་རྗེ་འཁྲུལ་ཞི་རིན་པོ་ཆེ་གང་ཉིད་ ཡང་སྲིད་འཁྲུལ་བྲལ་མྱུར་བྱོན་ཡོང་བའི་ཐུགས་སྨོན་གསོལ་འདེབས་ཆེད་ མྱ་ངན་གུས་འདུད་ཞུས་ཡོད་པ་དང་ འདི་རྗེས་ཆོས་རིག་བཀའ་བློན་མཆོག་དང་བཀའ་བློན་ཁྲི་མཆོག་གིས་གསུང་བཤད་གནང་ཡོད་འདུག
བོད་གཞུང་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་ལགས་ཀྱིས་ བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་ལུགས་རང་དབང་ལ་དམ་དྲག་གིས་བོད་ནང་ ནང་བསྟན་རྩ་བརླག་འགྲོ་ཉེན་ཆེ་བའི་ཛ་དྲག་གི་དུས་སྐབས་དེར་ བཙན་བྱོལ་ནང་ཡོད་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་དང་ཆོས་སྡེ་ཁག་ནས་ བོད་ཀྱི་ནང་བསྟན་སྲུང་སྐྱོབ་བྱ་རྒྱུར་ཐུགས་འཁུར་སྔར་ལྷག་ཆེ་བཞེས་དགོས་པའི་རེ་སྐུལ་ཤུགས་ཆེ་ཞིག་གནང་ཡོད་འདུག་
ད་རེས་ཆོས་ཚོགས་ཐེངས་ཐོག་གཙོ་བོ་ཚོགས་ཆེན་༡༠པའི་ནང་ གྲོས་ཆོད་གཏན་འབེབས་གནང་བ་ཁག་ལ་ཕྱག་ལེན་བྱུང་མིན་ཞིབ་གཤེར་དང་ དེ་ནས་གྲོས་གཞི་དོན་ཚན་གཉིས་པར་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ དགོན་སྡེ་ཁག་ནང་ སློབ་གཉེར་གོང་འཕེལ་ཡོང་ཐབས་དང་ གྲོས་གཞི་དོན་ཚན་གསུམ་པར་བཙུན་དགོན་ཁག་ནས་ སློབ་གཉེར་མཐར་སོན་པའི་བཙུན་མ་རྣམས་ལ་ མཚན་གནས་གསར་རྙིང་གང་འོས་ འབུལ་ཕྱོགས་དང་ དེ་ནས་གྲོས་གཞི་དོན་ཚན་བཞི་པར་ གདན་སའི་བཤད་གྲྭ་ཁག་ལ་ ཚན་རིག་སློབ་ཁྲིད་ཀྱི་ལས་འཆར་ཕྱག་ལེན་གནང་སྟངས་སོགས་ཀྱི་སྐོར་ བཀའ་བསྡུར་གནང་གི་ཡོད་འདུག་
དེ་ཡང་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་བཀོད་པའི་གནས་ཚུལ་ལ་གཞིགས་ན་ དེ་རིང་ཉིན་གཉིས་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་གི་ཡོད་པ་དང་ ཉིན་རྒྱབ་ཏུ་མགོན་པོ་གང་ཉིད་དབུ་བཞུགས་ཐོག་ འདི་ཉིན་གྱི་ལྷན་ཚོགས་མུ་མཐུད་མཇུག་སྐྱོང་གནང་གི་ཡོད་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎