བོད་ནང་ཡུལ་བསྐོར་སྤྲོ་འཆམ་སྐོར་ཞིབ་འཇུག་སྙན་ཐོ།
2012.03.07
༄༅༎བོད་རང་སྐྱོང་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གིས་དེ་རིང་གཟའ་ལྷག་པའི་ཉིན་འདས་པའི་ལོ་གཅིག་རིང་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་བརྒྱ་ཆ་བདུན་ཅུ་ཙམ་གྱིས་བོད་ནང་ཐེངས་གཅིག་ཡོང་བའི་རྗེས་སླར་ཡང་ཐེངས་གཉིས་པ་དེ་ཡོང་གི་ཡོད་པའི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་བྱས་ཡོད་ཅིང་ དེའི་ནང་བོད་ནང་ཡོང་མཁན་གྱི་ཡུལ་བསྐོར་སྤྲོ་འཆམ་བ་བརྒྱ་ཆ་༩༨དང་གྲངས་ཆུང་གཉིས་ཙམ་གྱིས་བོད་ནང་གི་འཁོར་ཡུག་དང་ ཞབས་ཞུའི་ལས་དོན་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་ ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མིའི་གྲངས་འབོར་གྱི་བརྒྱ་ཆ་བདུན་ཅུ་དོན་གསུམ་གྱིས་བསྐྱར་དུ་བོད་ནང་ཡོང་རྒྱུ་འི་འཆར་གཞི་ཡོད་པའི་སྐོར་བརྗོད་འདུག
བོད་རང་སྐྱོང་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་ནས་བརྗོད་པར་གཞིགས་ན་ ན་ནིང་བོད་ནང་རྒྱ་རིགས་དང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་ཁྱོན་མི་གྲངས་ས་ཡ་བརྒྱད་དང་གྲངས་ཆུང་བདུན་ཙམ་སླེབས་ཡོད་པ་དང་ ལོ་རེ་བཞིན་བོད་ནང་ཡོང་མཁན་གྱི་ཡུལ་བསྐོར་སྤྲོ་འཆམ་པའི་གྲངས་འབོར་བརྒྱ་ཆ་ཉི་ཤུ་རྩ་ལྷག་འཕར་སྣོན་བྱུང་ལུགས་དང་ ཐ་ན་རྒྱུན་ལྡན་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་ཡས་དུས་ཚོད་མིན་པའི་སྐབས་ཀྱི་སྤྱི་ཟླ་གསུམ་པ་བཞི་པ་ནས་ཡུལ་བསྐོར་་སྤྲོ་འཆམ་དུ་ཡོང་མཁན་མང་པོ་ཡོད་ལུགས་བརྗོད་འདུག ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མིའི་གྲངས་འབོར་ས་ཡ་བཅུ་དང་ ཉིས་སྟོང་བཅོ་ལྔ་ལོར་ས་ཡ་བཅོ་ལྔ་ཙམ་སླེབས་ཐུབ་པའི་ཚོད་རྩིས་བྱེད་ཀྱི་ཡོད་ལུགས་བོད་རང་སྐྱོང་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་ནས་བརྗོད་འདུག