ངོ་རྒོལ་གྱི་རྐྱེན་རྡོ་རྗེ་གླིང་ནས་ཡུལ་སྐོར་བ་མང་པོ་ཕྱིར་ཐོན་འདུག
2017.06.12
རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ནང་ཡོད་པའི་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་རྡོ་རྗེ་གླིང་ནས་ཕྱིར་ཐོན་དགོས་བྱུང་འདུག
དེ་ཡང་རྒྱ་གར་རྡོ་རྗེ་གླིང་ནང་གནས་བཞིན་ཡོད་པའི་གོར་ཁ་Gorkhasའམ་བལ་པོའི་རིགས་རྒྱུད་ཀྱི་མི་ཚོས། འདི་ཚེས་༡༢་རེས་གཟའ་ཟླ་བའི་ཕྱི་དྲོར་དུས་ཡུན་ངེས་མེད་རིང་ལས་མཚམས་འཇོག་པ་སོགས་རྡོ་རྗེ་གླིང་སྤྱི་ཡོངས་སུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་རྒྱུའི་ཉེན་བརྡ་བཏང་ཡོད་པར་བརྟེན་ས་གནས་དེའི་ནང་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་ཞིག་ཕྱིར་ཐོན་དགོས་བྱུང་འདུག
ངོ་རྒོལ་བ་ཚོས་བདུན་ཕྲག་སྔོན་མའི་ནང་རྡོ་རྗེ་གླིང་ས་གནས་སུ་གང་བྱུང་གིས་ཟིང་ཆ་སློང་བ་དང་། ཁང་པ་མེར་བསྲེག་བཏང་བ་སོགས་ཀྱི་དོན་རྐྱེན་འོག་མི་གྲངས་༡༢་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་བཞིན་གཟའ་ཟླ་བའི་ཉིན་བསྐྱར་དུ་ངོ་རྒོལ་གྱི་ལས་འགུལ་དེ་ལྟར་སྤེལ་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་ཡོད་པ་རེད།
རྡོ་རྗེ་གླིང་ནང་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་དྲུང་ཆེ་སྐུ་ཞབས་Pradip Lama ཞུ་བ་ཁོང་གིས། རེས་གཟའ་ཉི་མ་བར་ཡུལ་སྐོར་བ་མི་གྲངས་བདུན་སྟོང་ཙམ་ས་གནས་རྡོ་རྗེ་གླིང་ནས་ཕྱིར་ཐོན་བྱས་ཡོད་པ་དང་། ད་དུང་ཡུལ་སྐོར་སྤྲོ་འཆམ་པ་ཚོ་མུ་མཐུད་ས་གནས་དེ་ནས་ཕྱིར་ཐོན་བྱེད་བཞིན་ཡོད་ལུགས་AFP གསར་འགོད་པར་གསལ་སྟོན་གནང་འདུག
ཁུལ་དེའི་ནང་ཡོད་པའི་བལ་པོའི་རིགས་རྒྱུད་ཀྱི་མི་སྣ་ཚོས་ངོ་རྒོལ་གྱི་ལས་འགུལ་དེ་ལྟར་སྤེལ་དགོས་དོན་གཙོ་བོ་ནི། རྡོ་རྗེ་གླིང་ནང་སྔར་ནས་གཏན་སྡོད་བྱེད་མཁན་བལ་པོའི་རིགས་རྒྱུད་ཀྱི་མི་སྣ་ཚོས་ད་ལྟ་ནུབ་Bengal མངའ་སྡེའི་ཁུངས་སུ་གཏོགས་པའི་རི་བརྒྱུད་ཀྱི་ས་ཆ་དེ་Gorkhaའི་ས་གནས་ཞེས་མིང་བསྒྱུར་བྱེད་དགོས་པ་དང་། དེ་བཞིན་ས་ཁུལ་དེའི་ནང་བལ་པོའི་རིགས་རྒྱུད་ཀྱི་མི་སྣ་ཚོས་ནུབ་Bengal གི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་ལ་སོགས་པའི་གནད་དོན་ཐད་མི་འདོད་པའི་རྣམ་བསྒྱུར་ཤུགས་ཆེན་པོ་བསྟན་པའི་སྒོ་ནས་འདས་བའི་ལོ་མང་རིང་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད།
གསར་འགོད་པ་དབྱངས་སྒྲོན།