གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་ཚུགས་གནང་འདུག


2017.03.14
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་སྐབས། ༢༠༡༧།༣།༡༤ སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་སྐབས། ༢༠༡༧།༣།༡༤
ཨྱོན་བསྟན་འཛིན།/RFA

རྒྱ་ནག་གཞུང་གིས་སྲིད་ཇུས་གུ་ཡངས་བོའི་སྒོ་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱེད་དགོས་ཞེས་འབོད་སྐུལ་ཞུས་གནང་འདུག
དེ་ཡང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་སྐབས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་ནག་དང་འབྲེལ་བའི་སྐོར་ལ་གསུངས་དོན། བོད་མིའི་སྒྲིག་འཛུགས་དང་ལྷག་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཐོག་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་རྒྱུ་མང་དུ་འགྲོ་བཞིན་པའི་ཚོར་སྣང་བྱུང་། སྤྱིར་བཏང་བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འཛིན་རྒྱུས་མཚོན་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་དང་། དམྱལ་བ་མི་ཡུལ་དུ་མྱོང་བཞིན་པ། བོད་མི་ཚོའི་སོ་སོའི་རང་དབང་ལོངས་སུ་སྤྱོད་དབང་མེད་པར་གནས་ཡོད་པ་དེ་དག་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་སྲིད་བྱུས་ཞིག་ཆགས་ཡོད། ཅེས་དང་།
ཡང་ཚོགས་གཙོ་མཆོག་གིས། རྩ་བས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྲིད་བྱུས་དབུ་མའི་ལམ་གྱི་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད། རྒྱ་ནག་གཞུང་གི་འགོ་ཁྲིད་རྣམ་པ་ཡིན་ནའང་བོད་ཀྱི་ཐོག་མཁྲེགས་བཟུང་གི་སྲིད་བྱུས་དོར་ཏེ་གུ་ཡང་གི་སྒོ་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུར་བསམ་ཤེས་བྱེད་དགོས་ཀྱི་འདུག་ཅེས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ཞུ་འདོད་བྱུང་ཞེས་གསུངས་འདུག
དེ་བཞིན་ཡང་ཚོགས་གཙོ་མཆོག་གིས་གསུང་དོན། སྤྱི་ཚོགས་ནང་གི་གནད་དོན་འདྲ་མིན་གང་འདྲ་ཡིན་ནའང་གྲོས་ཚོགས་ནང་གླེང་བ་ཡིན་ན་དེ་ཡང་གསལ་པོ་དང་། དྲང་པོ་བྱས་ནས་ཞུ་ཐུབ་རྒྱུ་གལ་ཆེན་པོ་རེད། དེ་ལ་ཆབ་སྲིད་དང་སྡིག་རྭ་ལྟ་བུའི་ཐོག་ནས་བཀའ་མོལ་དེ་གསུངས་བསྡད་པ་ཡིན་ན་རང་བཞིན་གྱི་ཆེ་མཐོང་དང་། དེ་བཞིན་ཡ་རབས་སྤྱོད་བཟང་གང་སྤྱིའི་ཐོག་ནས་མི་མཐུན་པ་དེ་འདྲ་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་ཚང་མ་མཁྱེན་པའི་བདག་པོ་ཤ་སྟག་ཡིན་དུས་ཞིབ་ཕྲ་ཞུ་མི་དགོས་པར་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་ཞེས་གཙོ་བོ་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་ལས་རིམ་ཐོག་བསམ་ཚུལ་གསུང་སྐབས་ཆེ་མཐོང་དང་།  ཡ་རབས་སྤྱོད་བཟང་ལྡན་པའི་ཐོག་ནས་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུས་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཟླ་ ༣ ཚེས་ ༡༤ ནས་ ༢༥ བར་འཚོགས་རྒྱུ་ཡིན་འདུག ད་ཐེངས་ཀྱི་གྲོས་ཚོགས་ཀྱི་ལས་དོན་གཙོ་བོ་ནི་དཔལ་འབྱོར་བཀའ་བློན་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༧ དང་། ༢༠༡༨ ལོའི་སྔོན་རྩིས་འཆར་གཞི་ལ་གྲོས་ཚོགས་ནང་གྲོས་བསྡུར་གྱིས་གཏན་འབེབས་གནང་རྒྱུ་དེ་ཡིན་པ་རེད།

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎