ཁེ་ན་ཌའི་སྲིད་བློན་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་བ།
2017.11.14

༄༅༎འདི་ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་ཕྷི་ལི་པིནས་ཡི་རྒྱལ་ས་མ་ནི་ལའི་ནང་བསྐྱང་པའི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ལྷན་ཚོགས་ནང་མཉམ་ཞུགས་གནང་བའི་བཞོར་དུ་ཁེ་ན་ཌའི་སྲིད་བློན་ Justin Trudeau ཡིས་ ཕྷི་ལི་པིནས་ཡི་སྲིད་འཛིན་ Rodrigo Duterte དང་མཡན་མར་གྱི་དབུ་ཁྲིད་ལྕམ་ཨང་སང་སུ་ཅི་རྣམ་གཉིས་ཟུར་མཇལ་གྱིས་ཡུལ་གྲུ་དེ་གཉིས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་ཡོད་འདུག དེ་ཡང་ཕྷི་ལི་པིནས་ནང་སྲིད་འཛིན་ Rodrigo Duterte གཞུང་འཛིན་དབང་ཆའི་ཐོག་སླེབས་པ་ནས་བཟུང་ཉལ་ཐ་བཟི་སྨན་བེད་སྤྱོད་དང་ཚོང་འགྲེམ་འགོག་ཐབས་ཀྱི་ལས་འགུལ་གྱི་མིང་ཐོག་གཞུང་གི་དཔུང་དམག་གིས་མི་གྲངས་གསུམ་སྟོང་དགུ་བརྒྱ་ཙམ་རྐྱེན་ལམ་དུ་བཏང་བ་དང༌། ཆེས་མང་པོ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་ཡིན་པ་དང༌། ཡང་འདི་ལོའི་ཕྱི་ཟླ་ ༨ པའི་ཟླ་མཇུག་ཏུ་མཡན་མར་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ Rakhine མངའ་སྡེའི་ནང་གནས་སྡོད་བྱེད་མཁན་རོ་ཧིན་ཇ་ཁ་ཆེའི་མི་རིགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པས་གཞུང་གི་ཉེན་རྟོག་ལས་ཁང་དང་དམག་སྒར་བཅས་པའི་ཐོག་དྲག་པོའི་འཇབ་རྒོལ་བྱས་པའི་རྗེས་མཡན་མར་གཞུང་གི་དཔུང་དམག་གིས་རོ་ཧིན་ཇ་མི་རིགས་ཚོའི་ཐོག་དྲག་གནོན་ཧ་ཅང་ཤུགས་ཆེན་པོ་བྱེད་འགོ་བཙུགས་པ་ནས་བཟུང་ད་བར་རོ་ཧིན་ཇ་མི་རིགས་འབུམ་དྲུག་ཙམ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེཤ་རུ་བྲོས་བྱོལ་གྱིས་དཀའ་སྡུག་ཧ་ཅང་ཆེན་པོའི་ངང་གནས་བཞིན་བཞིན་པར་སོང༌། ཐེངས་འདིའི་ ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཚོགས་འདུའི་སྐབས། ཁེ་ན་ཌའི་སྲིད་བློན་གྱིས་ཕྷི་ལི་པིནས་ཡི་སྲིད་འཛིན་མཇལ་འཕྲད་གནང་བའི་སྐབས། ཕྷི་ལི་པིནས་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང༌། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་བཅས་པར་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་གནང་བ་དང༌། ཡང་མཡན་མར་གྱི་དབུ་འཁྲིད་ལྕམ་ཨང་སང་སུ་ཅིའི་མཇལ་འཕྲད་གནང་སྐབས་མཡན་མར་ནས་བྷང་ལ་དྷེ་ཤ་ནང་བྲོས་བྱོལ་དུ་ཕྱིན་པའི་སྐྱབས་བཅོལ་བ་རྣམས་ཀྱི་གནས་སྟངས་སྐོར་གླེང་སློང་གནང་བ་ཡིན་ཅེས་གསུངས་འདུག།གསར་འགོད་པ་ངག་དབང་ཆོས་འཕེལ།