སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་མཆོག་བཙོན་ཁང་ནས་སྐུ་གྲོངས་ཟིན་ཟེར།
2015.07.13

རྒྱ་ནག་གི་བཙོན་འོག་ན་ཡོད་པའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློ་བུར་བཙོན་ཁང་ནས་སྐུ་གྲོངས་སོང་ཟེར།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་ནག་གིས་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་བར་མི་ལོ་༡༣་རིང་བཙོན་འཇུག་བྱས་བའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༡༥ཟླ་༧ཚེས༡༢ཉིན་གློ་བུར་བཙོན་ཁང་ནས་སྐུ་འདས་གྲོངས་སུ་ཕྱིན་པ་བརྗོད་ཡོད་པ་དང་། བོད་ནས་གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཡིན་པའི་བརྡ་ལན་སྤྲད་པ་དང་། དེ་མ་ཐག་ཚེས་༡༢ཉིན་ཁོང་གི་སྐུ་ཚ་ནང་མི་ཁག་གཅིག་ཟི་ཁྲོན་ཁྲིན་འདུ་ལ་ཐུག་འཕྲད་ཆེད་བསྐྱོད་ཀྱང་། དེར་སླེབས་དུས་ངོ་ཐུག་མ་བྱུང་བར་སྐུ་གྲོངས་ཟིན་པ་ཉེན་རྟོག་པས་ངོ་སྤྲོད་བྱས་ཐོག་སྐབས་དེར་སྐུ་ཕུང་ལ་ཡང་བལྟ་རུ་བཅུག་མེད་པ་དང་། ད་ལྟ་ནང་མི་ཉེ་འབྲེལ་དང་། ཁོང་གི་སློབ་མ། ས་གནས་བོད་མི་ཚོ་ཁྲིན་འདུ་ལ་འཛོམས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་རག་ཐབས་བྱེད་བཞིན་པ་ངོ་སྤྲོད་བྱས་བྱུང་། ཡང་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་དོན། འདས་བའི་ཉིན་གྲངས་དགུ་ཙམ་གྱི་རིང་ཁོང་གི་ཉེ་འབྲེལ་གཉིས་ཀྱིས་ཁོང་ལ་ཐུག་ཐབས་ཀྱི་འབད་བརྩོན་བྱས་ཀྱང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཐུག་བཅུག་མེད་པ་རེད།
འོན་ཀྱང་དོན་དངོས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ག་དུས་སྐུ་གྲོངས་བ་དང་། གྲོངས་རྐྱེན་སོགས་ནང་མི་ཉེ་འབྲེལ་ཚོས་ཀྱང་ཁ་གསལ་ཤེས་ཀྱི་མེད་པ་དང་། རྒྱ་ནག་གི་ཕྱོགས་ནས་ཀྱང་ད་བར་ཁ་གསལ་གང་ཡང་བཤད་མེད་པ་རེད།
དེ་ནི་སྤྱི་ལོ་༢༠༠༢ལོར་ཁྲིན་འདུ་རུ་འབར་རྫས་བཀས་ཐོར་གྱི་གནས་ཚུལ་བྱུང་སྐབས། རྗེས་སུ་རིན་པོ་ཆེའི་དགེ་ཕྲུག་བློ་བཟང་དོན་འགྲུབ་འཛིན་བཟུང་བྱས་བ་དང་། ཁོང་གི་རྒྱབ་ཕྱོགས་ཀྱི་གཏེ་བོ་དེ་རིན་པོ་ཆེ་རེད་ཅེས་རིན་པོ་ཆེར་ནག་ཉེས་བཙུགས་པ་དང་། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིན་པོ་ཆེར་ཁྲིམས་རྩོད་པ་སོགས་གླས་མ་བཅུག་པར་། ལོ་གཉིས་སྲོག་ཁྲིམས་དང་། རྗེས་སུ་ཆག་ཡངས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་ཟི་ཁྲོན་མེན་ཡཱང་བཙོན་ཁང་ལ་བཅུག་ཡོད་པ་རེད། དེ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས། ཡང་ཡང་བཙོན་ཁང་ནས་ངས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་ཀ་ཏིལ་འབྲུ་ཙམ་ཡང་བྱས་མྱོང་མེད་ཚུལ་དང་། སྙིང་སོགས་ན་ཚ་མི་ཉུང་བ་ཡོད་པར་བརྟེན་ཕྱི་ལ་སྨན་བཅོས་ཀྱི་ཐོབ་ཐང་སྤྲོད་དགོས་བའི་རེ་སྐུལ་མང་པོ་བྱས་བར་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་རབ་དང་རིམ་པར་རྒྱལ་སྤྱིའི་ནང་ཁོང་སྨན་བཅོས་ཆེད་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་འདུག་ལ་དེ་རིང་ཁོང་སྐུ་གྲོངས་བའི་གནས་ཚུལ་བྱུང་མ་ཐག་ཚེས་༡༣ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་བློ་ཕམ་དང་བཅས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་བྱས་འདུག
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྤྱི་ལོ་༡༩༥༠ལོར་བོད་ཤར་ཕྱོགས་ལི་ཐང་ལ་འཁྲུངས་བ་དང་། ༧གོང་ས་མཆོག་གིས་སྤྲུལ་སྐུར་ངོས་འཛིན་གནང་བ་ཡིན་པ་དང་། ཁོང་གིས་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་དང་། འཕྲོད་བསྟེན། ཆེས་སྡེ། ཁོར་ཡུག སྤྱི་ཚོགས་ཡར་རྒྱས་བཅས་བའི་ཐད་ཕྱག་ལས་རྒྱ་ཆེན་གནང་བར་བོད་ཕྱི་ནང་གཉིས་ཀར་མཚན་སྙན་ཡོད་པ་ཞིག་ཡིན།
གསར་འགོད་པ་ཀླུ་འབུམ།