ཨ་རིའི་མི་སེར་ཚོའི་བདེ་འཇགས་སྲུང་སྐྱོབ་བསྐྱར་གསོ་གནང་རྒྱུ་ཡིན།
2016.07.22
ཨ་མི་རི་ཀའི་མི་རྒྱུ་ཆེན་Donald Trump་མཆོག་གིས་ཁ་ས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་རྒྱུའི་ཞལ་བཞེས་གནང་བ་དང་སྦྲགས་ཨ་རིའི་མི་མང་ཚོའི་བདེ་འཇགས་སྲུང་སྐྱོབ་བསྐྱར་གསོ་གནང་རྒྱུའི་དམ་བཅའ་བཞག་གནང་འདུག
ཨ་རིའི་Ohio་མངའ་སྡེའི་གྲོང་ཁྱེར་Cleveland་ནང་འདི་ཟླའི་ཚེས་༡༨་ནས་ཕྱི་ཚེས་༢༡་བར་ཉིན་བཞིའི་རིང་ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཚོགས་པ་དང་། ཚོགས་ཆེན་དེའི་ཉིན་མཐའ་མར་སྤྱི་མཐུན་ཚོགས་པའི་སྔོན་འགྲོའི་འོས་བསྡུའི་ནང་གྲངས་མང་རྒྱལ་ཁ་ཐོབ་པ་Donald Trump་མཆོག་གིས་མང་ཚོགས་ལ་གུས་བརྩི་དང་མང་ཚོགས་ཀྱི་བཀྲིན་བསམ་ཤེས་ཀྱི་སྒོ་ནས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་རྒྱུའི་ཞལ་བཞེས་གནང་བར་ཚོགས་འདུར་ཞུགས་པའི་མི་མང་སྟོང་ཕྲག་མང་པོས་ཨ་མི་རི་ཀ་དང་Trump་ཞེས་པའི་འབོད་ཚིག་ཡང་ཡང་སྒྲོག་ནས་དགའ་བསུ་ཆེན་པོ་ཞུས་འདུག
ཡང་Trump་མཆོག་གིས་ད་ཆ་ང་ཁྱེད་རང་ཚོའི་འབོད་སྒྲ་ཡིན་ཞེས་པར་ཆས་ཁག་ལ་འཛུབ་མོ་བཙུགས་ནས་གསུངས་པ་མ་ཟད། བདེ་འཇགས་མང་བ་དང་། ལས་ཀ་འབུམ་ཕྲག་མང་པོ་གསར་བཟོས་ཀྱིས་རྒྱུ་ནོར་གསར་པ་ཁྲི་ཁྲག་ཆེན་མོ་མང་པོ་ཐོབ་རྒྱུ་ཡིན་ལུགས་ཀྱང་གསུངས་འདུག
ཉེ་དུས་ཨ་མི་རི་ཀའི་ས་གནས་མང་པོ་ཞིག་ལ་མི་རིགས་ཀྱིས་འཐེན་འཁྱེར་འོག་མེ་མདའ་གང་བྱུང་རྒྱབ་ནས་མི་གསོད་དོན་རྐྱེན་འགའ་ཤས་བྱུང་བ་དང་། དེ་བཞིན་དྲག་པོའི་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བཏང་བའི་དོན་རྐྱེན་བྱུང་བ་ཁག་ལ་མི་མང་ཁོང་ཁྲོ་ཟ་བའི་གནད་དོན་གླེང་ནས། དེང་སྐབས་ཨ་རིའི་ནང་ཁྲིམས་འགལ་དང་དྲག་སྤྱོད་འཚེ་བའི་ལས་ཀྱིས་གནོད་འཚེ་སྐྱེལ་བཞིན་པ་འདི་དག་གང་མགྱོགས་མཚམས་ཆད་རྒྱུ་ཡིན་ལུགས་དང་། ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༡ཚེས་༢༠་ཉིན་ནས་འགོ་བཙུགས་ཏེ་ཨ་མི་རི་ཀའི་ནང་བདེ་འཇགས་སྲུང་སྐྱོབ་ཀྱང་སླར་གསོ་ཡོང་རྒྱུ་ཡིན་ལུགས་གསུངས་འདུག
ད་དུང་ཁོང་ནས་སྔོན་འགྲོའི་འོས་བསྡུའི་སྐབས་རྩོད་རྙོག་ཆེ་བའི་གནད་དོན་གླེང་སློང་གནང་བ་ཁག་ཁ་ས་ཡང་བསྐྱར་གླེང་ཡོད་ཅིང་། དེ་དག་ནི་དྲག་སྤྱོད་པ་དང་འབྲེལ་ཡོད་སྤྱི་ཚོགས་ཀྱི་མི་ཨ་རིའི་ནང་ཡོང་འཇུག་རྒྱུ་མིན་པ་དང་། ཨ་རི་དང་མེཀ་སེ་ཀོའི་ས་མཚམས་བརྒྱུད་ལྕགས་རི་བསྐོར་རྒྱུ། རྒྱ་ནག་དང་ཚོང་འབྲེལ་ཐད་ཨ་མི་རི་ཀར་གྱོང་ཆེན་པོ་ཕོག་བཞིན་པ་དེ་དག་སྐོར་གྲོས་མོལ་བསྐྱར་དུ་གནང་རྒྱུ་སོགས་ཡིན་འདུག་ལ་ད་དུང་ཁོང་ནས་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཕལ་ཆེར་ངེས་པ་ལྕམ་Hillary Clinton་མཆོག་ལྐོག་ཟ་རུལ་སུངས་ཅན་དང་། འཇོན་ཐང་མེད་པ། རེ་བ་ཟད་པ་ཞིག་ཡིན་ལུགས་སོགས་སྐྱོན་བརྗོད་མང་པོ་གནང་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།