གྲྭ་ཚེ་དཔག་ལགས་འཛིན་བཟུང་།
2013.03.12

༄༅། །ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༣ཚེས་ ༩ ་ཉིན་གྱི་མཚན་མོའི་བོད་ནང་གི་དུས་ཚོད་ ༡༢ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཚེ་དཔག་ལགས་དགོན་པའི་ཤར་ཕྱོགས་ཀྱི་ཉེ་འཁྲིས་སུ་ཡོད་པའི་གྲོང་བའི་ནང་སྲིང་མོ་ནད་པ་ཞིག་ཡོད་པ་དེར་ནད་གཡོགས་བྱས་ནས་ཡོད་སྐབས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག འོན་ཀྱང་ད་བར་ནང་མི་ཉེ་འབྲེལ་སོགས་ཀྱིས་ཁོང་ལ་ཉེས་འཛུགས་ག་རེ་བྱེད་བཞིན་ཡོད་མེད་དང་གར་ཡོད་གར་ཁྲིད་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མེད་འདུག གྲྭ་ཚེ་དཔག་ནི་རང་ལོ་ ༢༩ ། ཕ་མིང་ལ། དོན་འགྲུབ ། (གྲོིངས་ཟིན)མ་མིང་ལ་དོན་དེ་ཟེར། དེ་སྔོན་ཁོང་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོར་ཟུར་སྦྱོང་བྱས་ནས་ཡོད་སྐབས་སྟེ་ཕྱི་ལོ་༢༠༡༡ ལོའི་ཟླ་ ༣ ཚེས་ ༢༥ ཉིན་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང༌།འཛིན་བཟུང་གིས་ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་མོད་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་སྐབས་དེར་གསལ་བོ་ཆགས་མེད་པ་རེད། རྗེས་སུ་ཤེས་རྟོགས་བྱུང་བར་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག །