ཚེ་རིང་མཚོ་ལགས་སྐྱེ་རྒུ་མདོ་གྲོང་ཁྱེར་ཉེན་རྟོག་པས་ཉིན་བཅོ་ལྔར་བཀག་ཉར་དང་གཅར་རྡུང་བྱས་འདུག

2024.01.03
ཚེ་རིང་མཚོ་ལགས་སྐྱེ་རྒུ་མདོ་གྲོང་ཁྱེར་ཉེན་རྟོག་པས་ཉིན་བཅོ་ལྔར་བཀག་ཉར་དང་གཅར་རྡུང་བྱས་འདུག ཚེ་རིང་མཚོ་ལགས་ཀྱི་པར། ༠༩།༢༠༢༣
ཚེ་རིང་མཆོའི་ཟིན་བྲིས་ནས་བླངས།

དེ་ཡང་སྐྱེ་རྒུ་མདོ་གྲོང་ཁྱེར་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་དང་བཀག་ཉར་ཁང་གི་ཡིག་ཆ་ཁག་གཉིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་ནང་། ༢༠༢༣ལོའི་ཟླ་༡༠ཚེས་༨ནས་ཚེས་༢༥བར་ཚེ་རིང་མཚོས་སྒེར་གྱི་འཁྱུག་དབྱངས་(Tiktok)་དྲྭ་ངོས་སུ་དོན་མེད་དུ་སྲིད་གཞུང་དང་ལས་བྱེད་པར་སྐྱོན་བརྗོད་དང་དམའ་འབེབས་སོགས་ཀྱི་བརྙན་རྫུན་བཟོ་བྱས་པ་བཅུ་བདུན་ཙམ་སྤེལ་བར་བརྟེན་བདེ་འཇགས་དོ་དམ་ཉེས་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་༢༦པའི་ནང་གསེས་༤ལྟར་༢༠༢༣ལོའི་ཟླ་༡༠བའི་ཚེས་༢༦ནས་ཟླ་༡༡པའི་ཚེས་༡༠བར་བཀག་ཉར་བྱས་པ་ཡིན་ཞེས་འཁོད་འདུག དེའི་རྗེས་སྤྱི་ཟླ་༡༡་པའི་ཚེས་༡༧ཉིན་ཚེ་རིང་མཚོ་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་སྐྱེ་རྒུ་མདོའི་རྒྱ་ནག་གི་ཉེན་རྟོག་པས་ཁོང་མོ་ཐད་ཀར་འཛིན་བཟུང་གིས་ལས་ཁུངས་ཀྱི་ཐོག་ཁང་ནང་བཀག་ཉར་འདྲི་རྩད་དང་མཉམ་ཉེན་རྟོག་པ་བཅུ་གྲངས་ཞིག་གིས་རུབ་རྡུང་བྱས་བ་དང་ལག་འཁྱེར་ཁ་པར་བཅག་པ། དེ་ནས་གྲོང་ཁྱེར་བཀག་ཉར་ཁང་དུ་བཀག་ཉར་སྐབས་ཉེན་རྟོག་པ་ཚོས་ཁོང་མོའི་བྱ་སྤྱོད་ལ་འགྱུར་བ་གཏོང་ཐབས་དང་ནག་ཉེས་འདྲ་མིན་གཡོག་ཐབས་བྱས་བ་དང་། ཐ་ན་ཁོང་གི་རོགས་པའི་ལག་འཁྱེར་ཁ་པར་འཕྲོག་པ་སོགས་ཀྱི་གནས་ཚུལ་སྤེལ་འདུག

Tsering Tso2.jpg
བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་ན། ད་ཆ་ཚེ་རིང་མཚོ་ལགས་ཀྱི་སྒེར་གྱི་སྤྱི་ཚོགས་དྲྭ་ལམ་(TikTok)་དང་། མགྱོགས་འཕྲིན་(Kuaishou)་བརྒྱུད་ལམ་སྒོ་བརྒྱབས་འདུག་པས་ལྟ་ཐུབ་ཀྱི་མི་འདུག་ཟེར།
ཡོ་རོབ་སྦེལ་ཇམ་རྒྱལ་ཁབ་ནང་གནས་སྡོད་བྱས་ཡོད་པའི་ས་དཀར་བཀྲ་ཤིས་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་མིའི་ཐོབ་ཐང་འཐབ་རྩོད་པ་ཚེ་རིང་མཚོ་ལགས་ཀྱིས་རྒྱ་གཞུང་གི་ཉེན་རྟོག་པའི་བྱ་སྤྱོད་ལ་འཁྱོག་བརྗོད་ཀྱིས་སྤྱི་དམངས་དང་། དྲྭ་རྒྱའི་སྒྲིག་ལམ་གཏོར་བཤིག་བཏང་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ཉིན་༡༥ རིང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་ནའང་། ས་གནས་གང་དང་། ག་དུས་འཛིན་བཟུང་བྱས་པའི་གནས་ཚུལ་གསལ་རྟོགས་བྱུང་མ་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
ཚེ་རིང་མཚོ་ལགས་ནི་ད་ལྟ་རང་ལོ་༣༩ལ་སོན་ཡོད་པ་དང་། མདོ་སྨད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྗོང་ནས་ཡིན་པ་རེད། ཁོང་གིས་༢༠༡༥ལོ་ནས་བཟུང་བོད་ནང་དུ་རྒྱ་གཞུང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་ཏེ་བོད་མི་རྣམས་ལ་དབྱེ་འབྱེད་དང་ཐུབ་ཚོད་གཏོང་གི་ཡོད་པའི་སྐོར་ཀྱི་གནས་ཚུལ་ཐེར་འདོན་ཐེངས་མང་གནང་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་ཡོད་པ་རེད།
tsering tso kuaishou.jpgཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་བརྙན་ཐུང་ཞིག་གི་ནང་། ཚེ་རིང་མཚོ་ལགས་ཀྱིས་བོད་ནང་གི་ཤེས་ཡོན་ཅན་ཚོས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དང་ཁྲིམས་འགལ་བྱ་སྤྱོད་མང་པོ་སྤེལ་བཞིན་པའི་གནས་ཚུལ་ཐེར་འདོན་བྱེད་དགོས་པའི་འབོད་སྐུལ་བྱས་འདུག་ལ། དེའི་ནང་ཁོང་མོས། སྤྱི་ལོ་༢༠༡༥ལོ་ནས་ད་ལྟའི་བར་ལོ་༡༠ རིང་མཚོ་སྔོན་དང་། ལྷ་ས་སོགས་ནས་བོད་མིའི་ཐོབ་ཐང་བཤད་བསྡད་པ་ཡིན། བོད་པའི་ནང་ང་མ་གཏོགས་ཁྲིམས་ལུགས་ཤེས་མཁན་མེད་པ་རེད་དམ། ཚང་མ་སློབ་གྲྭར་སོང་བ་གཅིག་པ་རེད། སློབ་གསོ་གཅིག་མཚུངས་རག་ཡོད་པ་རེད། དེ་ན་ང་གཅིག་པུ་མ་གཏོགས་བཤད་ཤེས་མཁན་མེད་པ་རེད་དམ། མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་ག་རེ་བྱས་ནས་བཤད་གི་མེད་པ་རེད། བཤད་པ་ཡིན་ན་འཛིན་བཟུང་བྱེད་ཀྱི་རེད། ང་གཅིག་པུས་བཤད་ན་ནུས་པ་ཆུང་སོང་པ་རེད། མི་ཚང་མས་ཁྲིམས་དང་མཐུན་པའི་གནས་ཚུལ་ཕྱོགས་གང་ས་ནས་བཤད་དེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱས་པ་ཡིན་ན་ས་གནས་དབང་འཛིན་པ་ཚོས་ཁྲིམས་འགལ་གྱི་ལས་ཀ་བྱེད་ཐུབ་གི་མ་རེད། ཞེས་བོད་ནང་གི་ཤེས་ཡོན་ཅན་ཚོར་འབོད་སྐུལ་ཞུས་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་རག་པའི་༢༠༢༣ལོའི་ཕྱི་ཟླ་༡༠པའི་ཚེས་༡༦ཉིན་སྤེལ་བའི་བརྙན་ཐུང་ནང་དུ་ཚེ་རིང་མཚོ་ལགས་ཀྱིས་རྒྱ་སྐད་ཀྱི་ལམ་ནས་གསུང་དོན། རང་གི་ཕ་ཡུལ་དུ་ཚོང་ལས་འཛུགས་བསྐྲུན་ཞིག་བྱེད་འདོད་ན་ཁོང་ཚོས་ཡར་ལངས་རྒྱུ་མེད་པ་བཟོ་ཐག་གཅོད་རེད་འདུག ཚོང་ལས་ཙག་ཙིག་ཅིག་གཉེར་རྒྱུའི་དེབ་སྐྱེལ་ཞུ་དགོས་ནའང་ཡིན་གཅིག་དཔོན་པོ་ཚོའི་ཁ་ལ་ཉན་དགོས་པ་བཟོས་འདུག དེ་འདྲ་མ་བྱས་ན་ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁྱོད་རང་རྩ་མེད་བཟོ་སེམས་ཐག་རེད་འདུག འདི་ནི་སློབ་ཆེན་སློབ་མ་ཚོས་ས་གནས་རང་ནས་བྱ་བ་སྒྲུབ་མི་ཐུབ་པ་དང་། འཛུགས་སྐྲུན་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད། འོ་ན་ང་ཚོས་གནད་དོན་འདི་ལ་ཇི་ལྟར་གདོང་ལེན་བྱེད་དགོས་རེད་ལབ་ན། ཁོ་ཚོས་ས་བདག་རིང་ལུགས་དང་སྒེར་གཅོད་དཔོན་པོའི་བསམ་བློ་དེ་ལ་འཐབ་དགོས། དཔོན་པོ་ཆགས་རྗེས་རང་གི་ཟླ་ཕོགས་བླངས་ནས་ཁུ་སིམ་མེར་ལས་དོན་སྒྲུབ་རོགས། ང་ཚོ་རྟག་པར་གྱོང་ཁུར་ནས་འདུག་མཁན་དེ་འདྲ་མིན། གལ་ཏེ་ཁྲིམས་འགལ་གྱི་བྱ་བ་དེ་དག་བསྒྲུབ་དགོས་ན་ང་ཚོ་ཁྲིམས་ཁང་ནས་ཐུག ཐབས་གཞན་གང་ཡང་མི་འདུག རྒྱལ་ཁབ་ཀྱིས་ཀྱང་ཁྲིམས་འགལ་དེ་རིགས་དག་ཐེར་བྱེད་བཞིན་ཡོད་པ་རེད་སོགས་གསུངས་འདུག
ཡང་ཚེ་རིང་མཚོ་ལགས་ཀྱིས་༢༠༢༣་ལོའི་ཟླ་༧པར་ལྷ་སའི་མེ་འཁོར་ས་ཚིགས་ནས་སྤེལ་བའི་བརྙན་ཐུང་ཞིག་ཏུ། མེ་འཁོར་ས་ཚིགས་ནས་ཕྱི་ལ་ཐོན་དུས། རྒྱ་རིགས་ཡིན་པ་ཚང་མ་ཞིབ་བཤེར་དང་འདྲི་རྩད་རིགས་གཅིག་མི་དགོས་པར་ཐད་ཀར་སོང་ཆོག་པ་དང་། བོད་རིགས་ཡིན་དུས་ཞིབ་བཤེར་འདྲི་རྩད་བྱས་པའི་ཁར་ད་དུང་ཡིག་ཆ་འཕར་མ་སྟོན་དགོས་པ་མ་ཟད། བཀག་འགོག་བྱས་ནས་གཏོང་གིན་མི་འདུག ལྷ་སའི་ས་གནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་འདུག མི་རིགས་དབྱེ་འབྱེད་བྱེད་བཞིན་འདུག ལྟོས་དང་། འདི་ནི་མངོན་གསལ་དོད་པོས་མི་རིགས་ལ་མཐོང་ཆུང་བྱས་པ་མ་ཡིན་ནམ་ཞེས་བརྙན་ཐུང་ནང་བཤད་བཞིན་འདུག
ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཚེ་རིང་མཚོ་ལགས་ལ་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་གནོད་པའི་གནས་ཚུལ་བརྒྱུད་བསྐུར་བྱས་ཚུལ་གྱི་ཉེས་འཛུགས་འོག་༢༠༢༠ལོའི་སྤྱི་ཟླ་༡༡་པའི་ནང་ཟི་ལིང་དུ་འཛིན་བཟུང་བཀག་ཉར་བྱས་མྱོང་བ་དང་། དེ་བཞིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་ཕྱི་ལོ་༢༠༢༢ཟླ་༡༡པའི་ཚེས་༡ཉིན་ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ལ་བརྩི་སྲུང་མ་བྱས་པའི་ཉེས་མིང་འོག་ཉིན་གྲངས་བཅུའི་རིང་བཀག་ཉར་བྱས་མྱོང་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཚེ་རིང་མཚོ་ཡི་བདེ་འཇགས་ཐད་ལ་སེམས་ཚབས་ཆེན་ཡོད་པ་དང་། ཁོ་མོས་འདི་ལྟར་སྙིང་སྟོབས་ཆེན་པོའི་ངང་རྒྱ་ནག་འབྲེལ་ཡོད་ལས་ཁུངས་ཚོས་དབང་ཆ་ལོག་སྤྱོད་དང་ཁྲིམས་ལུགས་རྡོག་རོལ་བཏང་ནས་རྒྱ་བོད་གཉིས་ཀྱི་བར་དབྱེ་འབྱེད་སྣ་ཚོགས་བྱེད་བཞིན་ཡོད་པ་བདེན་དཔང་གི་ལམ་ནས་གསལ་བཤད་གནང་ཡོད་པས། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཆིངས་ཁག་དང་། རང་གི་རྩ་ཁྲིམས་ནང་དུ་མི་ཐམས་ཅད་འདྲ་མཉམ་ཡིན་པའི་རྩ་དོན་འཁོད་པ་ཁྲིམས་ལྟར་འགན་སྲུང་བྱེད་དགོས་པ་མ་ཟད། ཚེ་རིང་མཚོའི་དྲང་བདེན་གྱི་ཞུ་འབོད་དང་ལེན་དང་ཁོ་མོའི་བདེ་འཇགས་ཐད་འགན་ཁུར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག


གསར་འགོད་པ། དཔལ་ལྡན་རྒྱལ། ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎