བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་འོས་འདེམས་བརྒྱུད་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་གནང་སོང་།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པར། གྲོས་ཚོགས་སུ་འོས་འདེམས་བརྒྱུད། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་བཅས་བདམས་ཐོན་གནང་སོང་།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་ ༡༢ པ་སྟེ། ཟླ་ ༣ ཚེས་ ༢༩ ཉིན་གྱི་གྲོས་ཚོགས་ལས་རིམ་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་དང་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་དམིགས་སུ་གྲོས་ཚོགས་ནང་བཏོན་གནང་སོང་ལ། འོས་དམིགས་དེ་དག་ལས་ཁྲིམས་ཞིབ་པ་ཆེ་བར་སུ་འོས་ཀྱི་སྐོར་བོད་མི་མང་སྤྱི་འཐུས་རྣམ་པས་གྲོས་ཚོགས་སུ་འོས་འདེམས་གནང་བ་དང་བསྟུན། ཁྲིམས་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་སུ་འོས་གྲངས་ ༣༡ ཐོབ་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་གནང་སོང་ལ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་འོས་གྲངས་ ༢༥ དང་། བཀའ་ཟུར་བླ་བྲང་འཕགས་པ་ཚེ་རིང་ལགས་སུ་འོས་གྲངས་ ༣༡ ཐོབ་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་སུ་བདམས་ཐོན་གནང་སོང་།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་མེད་པར་ཡུན་རིང་ལྷག་ཡོད་ནའང་།ད་ལན་གྲོས་ཚོགས་སུ་ཁྲིམས་ཞིབ་པ་བསྐོ་བཞག་གནང་ཐུབ་པ་ནི་ཧ་ཅང་ཡག་པོ་བྱུང་བའི་སྐོར་གྲོས་ཚོགས་སུ་གསལ་བཤད་གནང་སོང་།
གཞན་ཡང་ཐེངས་འདིའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པའི་ཐོག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༣༢ ཐོབ་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་འོས་འདེམས་བསྐོ་གཞག་གནང་སོང་།
གཞི་རྩའི་འདས་པའི་ལོ་ཤས་ནང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་རིམ་པར་བགྲེས་ཡོལ་དུ་ཕེབས་པ་དང་། གྲོས་ཚོགས་ནས་ཡིག་ཆ་ཨང་༣༩གཏན་འབེབས་ཀྱིས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གྱི་རྙོག་གླེང་གིས་མཚོན།བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་འཕྲལ་དུ་གནང་མ་ཐུབ་པ་སོགས་ཀྱིས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་ཆེ་བ་མེད་པར་ཡུན་རིང་ལུས་པ་མ་ཟད། ཁྲིམས་ཞིབ་པ་གཞན་གཉིས་ཀྱང་མེད་པའི་གནས་སྟངས་ཆགས་ཡོད་ནའང་། ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་༡༢པའི་གྲོས་ཚོགས་ལས་རིམ་དུ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་ཁྲིམས་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་སུ་ལགས་གྲོས་ཚོགས་ནས་འོས་འདེམས་བསྐོ་བཞག་གནང་ཐུབ་ཡོད་པ་རེད།
གཞན་ཡང་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་བཞག་པའི་ནང་། གཙོ་བོ་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་བརྒལ་བ་བཅའ་སྡོད་སློབ་གྲར་བཅུག་སྟེ་བོད་ཕྲུག་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་དང་། དགོན་སྡེ་ཁག་ལོ་གཞོན་གྲ་བཙུན་མང་པོ་བཙན་གྱིས་ཕྱིར་ཕུད།སྒེར་གཉེར་སློབ་གྲ་ཁག་སྒོ་བརྒྱབ་པ་དང་། མཐོ་རིམ་བོད་རྒྱུག་ནང་བོད་ཡིག་མེད་པར་བཟོས་པ། འདར་དབྱངས་སོགས་དྲ་ལམ་དུ་བོད་ཡིག་བྲིས་མི་ཆོག་པ་སོགས། བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར། མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། བོད་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་སྤྲོད་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པ་ནན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་སོང་།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།