རྡང་ཆུ་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་མཁན་མཚོ་སྔོན་ཚེ་རིང་ལགས་བཙན་ཁྲིད་རྗེས་གནས་སྟངས་གོས་ཐོས་མེད་པར་གྱུར་ཡོད་འདུག

2024.11.15
རྡང་ཆུ་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་མཁན་མཚོ་སྔོན་ཚེ་རིང་ལགས་བཙན་ཁྲིད་རྗེས་གནས་སྟངས་གོས་ཐོས་མེད་པར་གྱུར་ཡོད་འདུག བརྙན་ལམ་ནས་ཞུ་འབོད་མཁན་མཚོ་སྔོན་ཚེ་རིང་ལགས། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཟླ་ ༡༡ ཚེས་ ༡༥ ཉིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ནས་བརྗོད་པ་ལྟར་ན། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས། ཟླ་ ༡༠ ཚེས་ ༢༠ ཙམ་ནང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བསྐྱར་དུ་འབོད་འགུག་བཀག་ཉར་བྱས་ཡོད་པ་བཞིན། ད་ལྟའི་ཆར་བདུན་ཕྲག་གསུམ་ལྷག་འགྲོ་བཞིན་ཡོད་ན་ཡང་། ཁོང་མུ་མཐུད་ཁྱུང་མཆུ་རྫོང་དུ་བཀག་ཉར་བྱས་ཡོད་དང་ས་གནས་གཞན་དུ་ཁྲིད་ཡོད་སོགས་གནས་སྟངས་གསལ་ཁ་གང་ཡང་མེད་པར་གྱུར་ཡོད་པ་དང་། ཁོང་གི་ནང་མི་དང་ཡུལ་སྡེའི་མི་མང་ནས་ཁོང་ལ་ཉེས་མེད་ཉེས་འགེལ་གྱི་གནས་སྟངས་འོག་བཙོན་འཇུག་བྱ་རྒྱུའི་སེམས་འཚབ་ཤུགས་ཆེར་ཡོང་གི་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་གི་འདུག

གོང་ཞུས་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། མཚོ་སྔོན་ཚེ་རིང་ལགས་ཐོག་མར་འབོད་འགུག་སྐབས་འཛིན་བཟུང་དང་བཙོན་འཇུག་སོགས་མི་བྱེད་པ་ལྟ་བུའི་གནས་སྟངས་ཡོད་ན་ཡང་། བསྐྱར་དུ་འབོད་འགུག་རྗེས་གནས་སྟངས་ཡོངས་སུ་འགྱུར་བ་ཕྱིན་ཏེ། ད་ལྟའི་ཆར་འཛིན་བཟུང་གི་ངོ་བོར་གྱུར་ཡོད་པ་མ་ཟད། ཁོང་གི་ནང་མི་དང་ཡུལ་སྡེ་སོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང་། མཚོ་སྔོན་ཚེ་རིང་དང་འབྲེལ་བའི་གནས་ཚུལ་དང་བརྙན་པར་སོགས་དྲ་ལམ་དུ་བསྐུར་མི་ཆོག་པ་མ་ཟད། ཁོང་གི་སྐོར་གྱི་སྐད་ཆ་བཤད་མི་ཆོག་པའི་དམ་དྲག་འོག་ཡོད་པ་མ་ཟད། འབྲེལ་ཡོད་ཚོར་ཁོང་གི་སྐོར་ལ་རྩད་འཚོལ་སོགས་བྱེད་བཅུག་གི་མེད་པས། ད་ལྟ་ཁོང་གི་གནས་སྟངས་དང་ས་གནས་གང་དུ་ཁྲིད་ཡོད་མེད་སོགས་གསལ་ཁ་གང་ཡང་མེད་པར་གྱུར་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

བོད་རིགས་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ནས། ཉེ་སྔོན་ཟླ་ ༡༠ ཚེས་ ༡༥ ཉིན། རྒྱ་ནག་གི་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་བརྒྱུད།  རྒྱ་ནག་གི་ (Anhui Xianhe) བཟོ་ལས་ཚོང་གཉེར་ཁང་གིས་ཡུལ་དེའི་རྡང་ཆུ་གཙང་པོའི་བཞུར་རྒྱུན་དུ་བྱེ་ཟེགས་སྔོག་འདོན་ཤུགས་ཆེར་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པ་རྒྱབ་ལྗོངས་བརྙན་དང་བཅས་བསམ་ཚུལ་སྤེལ་རྐྱེན། ཟླ་ ༡༠ ཚེས་ ༡༨ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་མཚོ་སྔོན་ཚེ་རིང་གཙོས་སྡེ་བའི་ཡུལ་མི་མང་དག་ཅིག་འབོད་འགུག་གིས་འདྲི་རྩད་རྗེས། ཕྱིར་ཁྱིམ་དུ་ཀློད་ཡོད་ན་ཡང་ཉིན་ཤས་རྗེས་བསྐྱར་དུ་འབོད་འགུག་གིས་བཀག་ཉར་འོག་བཞག་ཡོད་ཅིང་། ད་ལྟའི་ཆར་བཀག་ཉར་འོག་ཡོད་པ་དང་བཙོན་འཇུག་བྱས་ཡོད་མེད། གཞན་ཡང་ཁོང་ལ་འདྲི་རྩད་རིགས་ག་རེ་བྱེད་བཞིན་ཡོད་དང་ནག་ཉེས་ག་རེ་གཡོགས་ཀྱི་ཡོད་སོགས་ཤེས་རྟོགས་གང་ཡང་མེད་པར་གྱུར་ནས་བདུན་ཕྲག་གསུམ་ལྷག་ཕྱིན་ཡོད་པ་རེད།

ཚ་རུ་མ་ཡུལ་ཚོའི་ནང་བྱེ་ཟེགས་སྔོག་འདོན་བྱེད་མཁན་གྱི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲའི་ཚོང་གཉེར་ཁང་ཟེར་བ་དེ། ཕྱི་ལོ་ ༢༠༡༢ ཟླ་ ༦ ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་དེབ་སྐྱེལ་དང་སྒོ་འབྱེད་བྱས་ཡོད་པ་དང་། འཛུགས་སྐྲུན་སྣ་ཚོགས་ཀྱི་ཚོང་ལས་གཉེར་བཞིན་ཡོད་པ་དང་། མཚོ་སྔོན་ཚེ་རིང་ལགས་ནས་སྤྱི་ཚོགས་དྲ་ལམ་དུ་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་དང་འབྲེལ་བའི་ཞུ་སྐུལ་བརྙན་ཐུང་སྤེལ་རྗེས། ལྟ་བཤེར་དང་མཆན་འབྲི་མཁན་བརྒྱ་ཕྲག་བརྒལ་བ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་དུ་ཁོང་གི་བརྙན་ནག་བསུབ་དང་། མཚོ་སྔོན་ཚེ་རིང་ལགས་ཀྱི་མིང་ཐོག་ཏུ་ཐོ་འགོད་བྱས་པའི་དྲ་ཁུངས་མེད་པ་བཟོས་ཡོད་པ་དང་། སྤྱིར་མཚོ་སྔོན་ཚེ་རིང་གཙོས་ཡུལ་མི་མང་པོས་དེ་སྔ་ནས་བཟོ་ལས་ཁང་དེས་ཡུལ་དེའི་ཁོག་ཡུག་གཏོར་སྐྱོན་ལ་ཞུལ་སྐུལ་དང་ངོ་རྒོལ་རིམ་པར་བྱས་ཡོད་ན་ཡང་། ཕན་ཐོགས་མ་བྱུང་སྟབས་མཚོ་སྔོན་ཚེ་རིང་ལགས་ནས་དྲ་ལམ་དུ་ཡོངས་ཁྱབ་ངང་ཞུ་སྐུལ་བྱས་པ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎