རྒྱ་ནག་གཞུང་གིས་ཚུལ་ཁྲིམས་ལགས་སུ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་རྗེས་མུ་མཐུད་ནང་མི་ཉེ་འབྲེལ་ཚོར་དམ་དྲགས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༢ནང་བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་འཛིན་བཟུང་གིས། ༸གོང་ས་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་སྐོར་གྱི་ཉེས་མིང་འོག ཕྱི་༢༠༢༣ཟླ་བ་༤ནང་རྔ་བ་ཁུལ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་གཉིས་ཀྱི་གསང་བའི་ཁྲིམས་ཐག་བཅད་ཡོད་པ་བཞིན། ད་ལྟའི་ཆར་མུ་མཐུད་ཁོང་གི་ནང་མི་ཉེ་འབྲེལ་ཚོར་ཁོང་དང་ཐུག་འཕྲད་སོགས་གང་ཡང་བྱེད་བཅུག་གི་མེད་པ་མ་ཟད། ནང་མི་ཚོ་དང་སློབ་གྲོགས་ཚོར་ཚུལ་ཁྲིམས་དང་འབྲེལ་བའི་པར་རིས་དང་། གནས་ཚུལ་རིགས་སྤྱི་ཚོགས་དྲ་ལམ་ནང་རྒྱུད་སྐུར་དང་གླེང་སློང་རིགས་གང་ཡང་བྱས་མི་ཆོག་པའི་དམ་དྲགས་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་གོང་ཞུས་བོད་ནང་གི་འབྲེལ་ཡོད་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཚུལ་ཁྲིམས་ལགས་ནི་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལ་བྱང་ཆ་ཡོད་པའི་ན་གཞོན་ཞིག་ཡིན་པ་དང་། ཁོང་གིས་དེ་སྔ་བོད་དོན་དང་འབྲེལ་བའི་གནས་ཚུལ་དང་དབུ་མའི་ལམ་དང་འབྲེལ་བའི་གནས་ཚུལ་སོགས་དྲ་ལམ་དུ་བརྒྱུད་སྤེལ་བྱས་རྐྱེན། རྒྱ་ནག་གཞུང་གིས་ཁོང་ལ་དོགས་ཟོན་བྱེད་ཡུལ་དུ་གྱུར་ཡོད་པ་རེད་ལ། ཁོང་གིས་དེ་སྔ་ཕྱི་ལོ་༢༠༡༩་རྒྱ་ནག་གི་དམ་དྲགས་སྲིད་བྱུས་འོག་ཏུ་བོད་ནང་གི་བོད་སྐད་ཡིག་གནས་བབ་སྐྱོ་བོ་ཡིན་པ་དང་། བོད་སྐད་ཡིག་ཆེད་སྦྱོང་གི་སློབ་མ་མང་པོ་སློབ་ཆེན་མཐར་ཕྱིན་རྗེས་མཐུན་ལམ་གང་ཡང་མེད་པའི་བསམ་ཚུལ་བྲིས་པ་སོགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཚུལ་ཁྲིམས་ལགས་༢༠༢༢ལོའི་ཕྱི་ཟླ་༧ནང་༸གོང་ས་མཆོག་གི་སྐུ་པར་ཞིག་དྲ་ལམ་དུ་སྤེལ་རྐྱེན་འཛིན་བཟུང་འབོད་འགུག་གིས།འདྲི་རྩད་དང་ཁ་པར་སྔོག་བཤེར་སྐབས་ཁ་པར་དུ་༸གོང་ས་མཆོག་གི་སྐུ་པར་ཉར་བར་རྐྱེན་བྱས་ཏེ། དུས་ཡུན་ཟླ་བ་གཉིས་རིང་བཀག་ཉར་གྱིས་ལོ་དེའི་ཕྱི་ཟླ་༩ནང་ཀློད་ཡོད་ཀྱང་། རྗེས་སུ་ཕྱི་ལོ་༢༠༢༣ལོར་བསྐྱར་དུ་ཁ་བྲལ་བར་ངན་འབྲེལ་ཡོད་སྐོར་བརྗོད་ནས་འཛིན་བཟུང་གིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་དང་འབྲེལ། ཁོང་གི་སྐད་འཕྲིན་དང་སྤྱི་ཚོགས་དྲ་ལམ་ནང་གནས་ཚུལ་འགོད་སྤེལ་བྱས་རིགས་ཚང་མ་ནག་བསུབ་བཏང་བ་སོགས་བྱས་ཏེ། ཁོང་དང་འབྲེལ་བའི་གནས་ཚུལ་དང་པར་རིས་གང་ཡང་དྲ་ལམ་དུ་མེད་པ་བཟོས་ཡོད་འདུག
བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་ནི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པ་དང་། ཕྱི་ལོ་༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་བོད་ཀྱི་རྩོམ་རིག་ཐོག་སློབ་མཐར་སོན་རྗེས། ས་གནས་ཁག་ཅིག་ཏུ་དབྱིན་ཇིའི་སྐད་ཡིག་ཐོག་ལོ་ཤས་རིང་སློབ་གཉེར་གནང་ཡོད་པ་དང་། རྗེས་སུ་ཕ་ཡུལ་དུ་ལོག་སྟེ་གཞུང་གཉེར་གྱི་ལས་ཀ་རིགས་མ་བྱས་པར། སྒེར་ངོས་ནས་ཚོང་ལས་གཉེར་ནས་བསྡད་ཡོད་པ་རེད་འདུག་ལ། ཁོང་གི་ཕ་མིང་ལ་ཨ་སྤེན་དང་མ་མིང་ལ་ཨ་ཁོ་མ་བཅས་ཡིན་པ་རེད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།