༢༠༢༢ ལོའི་སྙིང་སྟོབས་གཟེངས་རྟགས་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་སུ་ཕུལ་འདུག
ཕྱི་ཟླ་བདུན་ཕའི་ཚེས་༡༢་ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གོ་སྒྲིག་གནང་ནས་བྱང་ཁ་ལི་ཕོ་ནི་ཡའི་བོད་རིགས་ཚོགས་པ་དང། ས་གནས་གཞོན་ནུ་ལྷན་ཚོགས། དེ་བཞིན་ས་གནས་བོད་རིགས་གྲོགས་པོ་ཚོགས་པ་བཅས་ཀྱི་མཐུན་འགྱུར་རོགས་རམ་འོག་བྱང་ཁ་ལི་ཕོ་ནི་ཡའི་བོད་རིགས་ཚོགས་པའི་ཚོགས་ཁང་ནང་སྤྱི་ལོ་༢༠༢༢་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་ཀྱི་གཟེངས་རྟགས་ཐེངས་༧་པ་དེ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་སུ་ཕུལ་གནང་འདུག གཟེངས་རྟགས་ཕུལ་བའི་མཛད་སྒོའི་སྐབས་བྱང་ཁ་ལི་ཕོ་ནི་ཡའི་བོད་རིགས་ཚོགས་པའི་སྐུ་ཚབ་ཀྱི་གཙོས་པའི་བྱང་ཁ་ལི་ཕོ་ནི་ཡའི་མངའ་ཁུལ་དུ་ཡོད་པའི་བོད་རིགས་གྲོགས་པོ་དང། དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་སོགས་མཉམ་ཞུགས་ཀྱིས་ཨ་ཉག་སེང་སྒྲ་ལགས་སུ་ཆེ་བསྟོད་ཚུལ་དུ་གཟེངས་རྟགས་དེ་ཕུལ་གནང་ཡོད་པ་རེད། སྤྱི་ལོ་༢༠༢༢་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེན་པོ་ཆེའི་མཚན་ཐོག་ཏུ་ཡོད་པའི་སྙིང་སྟོབས་ཀྱི་གཟེངས་རྟགས་དེའི་འོས་མིའི་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་དང། རིན་ཆེན་སྐྱིད་ལགས། བསྟན་འཛིན་ཉི་མ་ལགས་དང་ཨ་ཉག་སེང་སྒྲ་ལགས་བཅས་ཡོད་པ་ནས་ཐེངས་འདིའི་གཟེངས་རྟགས་དེ་བོད་ཀྱི་ཁོར་ཡོག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་སུ་ཕུལ་འདུག རྩ་བའི་ལོ་ལྟར་ཕྱི་ཟླ་བདུན་པའི་ཚེས་༡༢་ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་རྗེས་དྲན་གྱི་དུས་ཚིགས་དང་བསྟུན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེས་པའི་དུས་དྲན་སྲུང་བརྕི་ཞུས་སྟེ་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་གཅིག་ལ་རིན་པོ་ཆེའི་སྙིང་སྟོབས་ཀྱི་གཟེངས་རྟགས་འབུལ་བཞེས་གནང་གི་ཡོད་པ་དང། འདི་ལོ་རིན་པོ་ཆེ་དམ་པ་ཁོང་དགོངས་པ་རྫོགས་ནས་མི་ལོ་བདུན་འཁོར་ཡོད་པ་རེད་བཞག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ།