སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།

2024.07.12
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ། ཉི་མ་ལྷ་མོ་ལགས་ཀྱི་དཔེ་དེབ་དབུ་འབྱེད་སྐབས། ༢༠༢༤།༠༧།༡༢ ཉིན།
RFA/ Tenzin dhhonyoe

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་དུ་དགོངས་པ་རྫོགས་ནས་མི་ལོ་དགུ་འཁོར་བའི་དུས་སྐབས་དང་བསྟུན། རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ནས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྤྱི་དང་། ཁྱད་པར་རྒྱ་ནག་གཞུང་གིས་རིན་པོ་ཆེ་ལ་གཞི་མེད་ཀྱི་ཉེས་འཛུགས་དང་། བཙོན་ཁང་དུ་བཟུང་ནས་མཐར་རིན་པོ་ཆེ་མཆོག་རྒྱ་ནག་གི་གདུག་རྩུབ་འོག་བཙོན་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཞིབ་ཕྲ་བཅས་འཁོད་པ། ཉི་མ་ལྷ་མོ་ལགས་ཀྱིས་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་ཅིག་བརྩམས་གྲུབ་པ་དེ་བཞིན། སྤྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་བཞུགས་སྒར་དུ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་ཡོད་ཅིང་། བདེ་སྲུང་བཀའ་བློན་མཆོག་ནས་བོད་ནང་གི་བོད་མི་ཚོས་སྐུ་ལས་བསྐྱོན་པ་དོན་ཐོག་ནས་ཆུད་ཟོས་སུ་མི་འགྲོ་བའི་ལས་འགན་དེ་བཙན་བྱོལ་བོད་མི་ཚང་མ་ལ་འཁྲི་ཡོད་པ་དང་། བོད་མི་མང་གིས་དད་པ་དང་མཐོང་ཆ་འཇོག་ཡོད་པའི་བླ་མ་གྲགས་ཅན་ཁོང་ལ། རྒྱ་ནག་གིས་དྲག་པོའི་ཁྲིམས་ཐོག་ནས་ནག་པོ་བཟོ་འདོད་ཀྱི་ངན་ཇུས་ཤིག་བཏིང་བ་དེར། རྒྱ་ནག་གཞུང་ལ་བདེན་པ་མེད་པ་གསལ་བོ་རེད་ཅེས་གསལ་སྟོན་གནང་སོང་།

རྒྱ་གར་ནང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ནས། བོད་ཀྱི་ཆོས་རྒྱུད་རིས་སུ་མ་ཆད་པར་མཐུན་ལམ་དང་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ། དཀའ་ངལ་ཅི་འཕྲད་ལ་རྣམ་དཔྱོད་དང་ལྡན་པའི་གདོང་ལེན་གནང་རྒྱུ་བཅས་ནི། རིན་པོ་ཆེ་མཆོག་གི་ཐུགས་བཞེས་དང་བོད་ནང་གནང་བའི་ཕྱག་ལས་གཙོ་བོ་དེ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རིན་པོ་ཆེ་མཆོག་གི་ཚ་མོ་ཨ་མི་རི་ཀའི་ནང་གནས་བཞུགས་ཉི་མ་ལྷ་མོ་ལགས་ནས་ཀྱང་བརྙན་ལམ་བརྒྱུད་བཀའ་མོལ་གནང་བའི་ནང་། ཁོང་གི་འབྲེལ་ཡོད་ཚ་མོ་ཞིག་ཡིན་པའི་ཆ་ནས། གཙོ་ཆེར་རིན་པོ་ཆེ་ལ་མ་ཉེས་ཁ་གཡོགས་ཀྱིས་འཛིན་བཟུང་དང་དགོངས་པ་རྫོགས་པའི་གནས་སྐབས་བཅས་སུ། སོ་སོས་མཐོང་ཐོས་མྱོང་གསུམ་ཅི་ཡོད་ཆ་ཚང་ཞིག་དེབ་འདིར་འཁོད་ཡོད་པ་དང་། ང་རང་གིས་རིན་པོ་ཆེའི་སྐུ་གདུང་གི་མདུན་རིན་པོ་ཆེར་མ་ཉེས་ཁ་གཡོག་གི་གནས་ཚུལ་དེ། མི་ཚེའི་ནང་ཞུ་ས་དང་གཏུག་ས་སུ་ཡོད་ལ་གསལ་བོ་བཟོ་རྒྱུའི་དམ་བཅའ་བཞག་པ་བཞིན་བྲིས་པ་ཞིག་ཡིན་ཞེས་གསལ་སྟོན་གནང་གི་འདུག

རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱི་དེབ་དེའི་རྩོམ་སྒྲིག་པ་རྡོ་རྗེ་རིན་ཆེན་ལགས་ནས། དེབ་འདིའི་ནང་རིན་པོ་ཆེ་འཛིན་བཟུང་བྱས་ནས་མཐར་དགོངས་པ་རྫོགས་པའི་བར་གྱི་གནས་ཚུལ་ཆ་ཚང་གོ་རིམ་ལྡན་པ་འཁོད་ཡོད་པ་མ་ཟད། ས་གནས་ས་ཐོག་གི་མཐོང་ཐོས་མྱོང་གསུམ་ཡོད་པའི་ཁོང་གི་ཚ་མོས་གསུང་བཞག་པ་ཞིག་ཡིན་པར་བརྟེན། དེབ་འདི་ལ་དམིགས་བསལ་གྱི་དོན་སྙིང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྤྱི་ལོ་ ༡༩༥༠ ལོར་མདོ་ཁམས་ལི་ཐང་དུ་འཁྲུངས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་ཡོད་པ་དང་། རིམ་པས་བོད་ནང་ཕྱིར་ཕེབས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སླར་གསོའི་ཕྱག་ལས་རྒྱ་ཆེ་གནང་བའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༠༢ ལོར་ཁྲིན་ཏུའུ་གྲོང་ཁྱེར་དུ་འབར་གས་དོན་རྐྱེན་དང་འབྲེལ་བར་མ་ཉེས་ཁག་གཡོག་གིས་འཛིན་བཟུང་བྱས་ཏེ། ཁོང་ལ་དུས་འགྱངས་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཆད་བཅས་བཏང་མཐར་ཁོང་སྤྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༧ པའི་ནང་བཙོན་ཁང་དུ་དགོངས་པ་རྫོགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎