ནང་སོག་ཏུ་སོག་པོའི་འབྲོག་པ་དང་རྒྱ་མི་རིགས་བར་རྩོད་རྙོག་བྱུང་བ།
2017.06.10

༄༅། །ནང་སོག་ཏུ་སོག་པོིའི་འབྲོག་པ་དང་རྒྱ་ནག་ནས་ནང་སོག་ཏུ་རྟེན་གཞི་བྱེད་མཁན་གྱི་རྒྱ་མི་རིགས་ཚོའི་དབར་འབྲོག་སའི་ཐོག་རྩོད་རྙོག་བྱུང་སྟེ། སོག་པོ་འབྲོག་པ་ཁག་ཅིག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་བྱུང་ཡོད་འདུག ནང་སོག་མི་མང་གི་ཐོབ་ཐང་རྩོད་ལེན་གནང་མཁན་རྒྱ་ནག་གི་བཙོན་ཁང་ན་ལོ་ངོ་བཅུ་དགུ་བཞུགས་མྱོང་བའི་ཆབ་སྲིད་བཙོན་པ་ཟུར་པ་ཧའ་དའ་ཡིས། རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་མི་རིགས་ཚོས་ནང་སོག་གི་ནང་རྟེན་གཞི་བྱས་པ་མ་ཟད། སོག་པོའི་འབྲོག་ས་བཙན་བཟུང་བྱས་པ་ནི་གང་སར་མཐོང་རྒྱུ་ཡོད་པ་དང་། དེས་རྐྱེན་པས་དྲག་ཟིང་གི་དོན་རྐྱེན་ཡང་རྒྱུན་དུ་ནས་ཡོད་མུས་ཡིན་ཞིང་། ཡིན་ནའི་རྒྱ་ནག་གཞུང་གིས་སོག་པའི་འབྲོག་པའི་འཚོ་གནས་རིག་གཞུང་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་འོག རྩོད་རྙོག་དེ་རིགས་བྱུང་བའི་ཚེ་ག་དུས་ཡིན་ནའི་རྒྱ་མི་རིགས་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ད་རེས་ཀྱི་གནས་ཚུལ་འདི་ཡང་དེ་ལྟར་རེད་ཅེས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་འདུག
ད་རེས་ཕྱི་ཟླ་དྲུག་པའི་ཚེས་༧དང་ཚེས་༨ཉིན་ནང་སོག་གི་Xilin Gol ས་གནས་དང་ Chifeng གྲོང་ཁྱེར་གྱི་Bahrain Youqiས་གནས་སོ་སོའི་ནང་སོག་པའི་འབྲོག་པ་དང་ས་གནས་དེའི་ནང་གནས་སྤོས་རྟེན་གཞི་བྱེད་མཁན་གྱི་རྒྱ་མི་རིགས་ཚོའི་དབར་རྩ་རའི་བདག་དབང་གནད་དོན་གྱིས་རྐྱེན་པས་འཁྲུག་ཟིང་བྱུང་ཡོད་པ་དང་། གནས་ཚུལ་མཐོང་མཁན་གྱི་ས་གནས་འབྲོག་པ་ཁག་ཅིག་གིས་རྒྱ་མི་རིགས་ཚོས་རྩ་ར་བཙན་བཟུང་བྱས་པའི་རྐྱེན་གྱིས་ས་གནས་འབྲོག་པ་ཚོ་དང་རྩོད་གླེང་བྱུང་ནས། རྒྱ་ནག་མི་རིགས་ཚོས་ས་གནས་འབྲོག་པར་ཉེས་རྡུང་བཏང་སྟེ། ཕྱོགས་གཉིས་དབར་འཁྲུག་རྩོད་བྱུང་སྟེ་འབྲོག་པ་ཁག་ཅིག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་སྐྱལ་དགོས་བྱུང་ཡོད་པ་དང། འབྲོག་པ་གཉིས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ནས་སྨན་ཁང་དུ་ཡོད་མུས་ཡིན་པ་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་འདུག
ནང་སོག་གི་སོག་པོའི་མི་རིགས་ཁྱོན་ཡོངས་ཀྱི་གྲངས་འབོར་གྱི་རྒྱ་ཆ་ཉི་ཤུ་ལྷག་འབྲོག་པ་ཡིན་ཞིང་། སོག་པའི་འབྲོག་པ་ཚོས་རྒྱ་མི་རིགས་ཚོས་འབྲོག་པའི་རྩ་རྭ་བཙན་བཟུང་བྱས་ནས་ས་གནས་འབྲོག་པ་ཚོའི་འཚོ་བརྟེན་ལ་དཀའ་ངལ་བཟོ་ཡི་ཡོད་པ་མ་ཟད། ས་གནས་ཀྱི་ཁོར་ཡུག་དང་འབྲོག་པའི་སྲོལ་རྒྱུན་རིག་གནས་ལ་ཡང་གནོད་ཚབས་ཆེན་པོ་བཟོ་བཞིན་པའི་གནས་སྟངས་ཐོག་མི་འདོད་པའི་རྣམ་འགྱུར་བཏོན་མཁན་སོག་པའི་མི་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད༎
གསར་འགོད་པ་འཆི་མེད།