སླར་ཡང་ཀིརྟི་དགོན་གྱི་གྲ་གཉིས་ཀྱིས་རང་ལུས་མེར་བསྲེག
2012.03.30
༄༅༎བོད་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་བསྟན་པ་དར་རྒྱས་ལགས་དང་ འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་དེ་རིང་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་གནང་ཡོད་འདུག་
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་ཆེད་གཏོང་གནང་བའི་ནང་་ ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན་གྱི་བོད་ནང་གི་ཉིན་གུང་ཚོུད་༡༢དང་སྐར་མ་སུམ་ཅུ་ཙམ་ལ་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྫོང་ རྒྱལ་རོང་ཚོ་བདུན་ ཞང་ཧོ་ལ་ཅང་ སྡེ་བའི་ ལེ་སྐོ་ཚང་གི་ དགུང་གྲངས་༢༢ལ་ཕེབས་པའི་ཕ་མིང་ སྐལ་ལྡན་ལགས་དང་ མའི་མིང་དཔལ་མཚོ་ལགས་ཡིན་པའི་ཚོ་འདུན་ཀིརྟི་དགོན་པའི་དགེ་འདུན་བསྟན་པ་དར་རྒྱས་ལགས་དང་ དགུང་གྲངས་༢༡ལ་ཕེབས་པའི་ཕ་མིང་རབ་རྒྱས་ལགས་དང་ མ་མིང་མ་ཅིག་མཚོ་ཡིས་བུ་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་ དགོན་པ་དང་བར་ཐག་སྤྱི་ལེ་༨༢གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་ འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་ནས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེག་བཏང་ཡོད་པ་དང་ གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱིས་འགྲེལ་བརྗོད་བྱས་དོན་ལྟར་ན་ ཁོང་གཉིས་ཀྱི་སྐུ་ལུས་མེར་སྲེག་བཏང་ནས་གཅིག་ད་གར་འདས་གྲོངས་སུ་ཕེབས་ཡོད་ཚུལ་འདུག་ནའང་ ད་ལྟའི་ཆར་ཁོང་གཉིས་ཀ་རྒྱ་ནག་གཞུང་གིས་སྨན་ཁང་དུ་ཁྲིད་ནས་དམ་བསྒྲཌ་ཆེན་པོའི་འོག་ཡོད་མུས་ཡིན་པ་དང་ གནས་ཚུལ་བྱུང་མ་ཐག་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པས་ ཁོང་གཉིས་ཀྱི་ཤི་གསོན་གང་བྱུང་རྩིས་སྤྲོད་དགོས་ཞེས་སོང་ཡོད་པ་རྣམས་ དགོན་པ་ནས་སྤྱི་ལེ་༣༢ཀྱི་སར་ཡོད་པའི་འཛེ་སྟོད་ཞེས་པའི་ས་གནས་ནས་དྲག་ཆས་ཉེན་རྟོག་པས་བཀག་འགོག་གིས་ཕྱིར་དགོན་པར་བཏང་ཡོད་འདུག་པ་ལས་ ད་ལྟའི་ཆར་སྐུ་ལུས་མེར་སྲེག་གཏོང་མཁན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་དེ་གཉིས་ཀྱི་ཤི་གསོན་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་གང་ཡང་བྱུང་མེད་པ་འགྲེལ་བརྗོད་གནང་འདུག གནས་ཚུལ་དེ་བྱུང་བའི་རྗེས་ རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡོངས་རྫོགས་དྲག་ཆས་ཉེན་རྟོག་པ་དང་ དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་འདུག དགོན་པ་དེའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲིས་ཆོས་གླིང་ཞེས་འབོད་ཀྱི་ཡོད་པ་དང་དེ་སྐབས་དགེ་འདུན་ཞལ་གྲངས་༣༠༠ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་འདུག