འབར་མའི་དམངས་གཙོ་ཚོཌ་པའི་ཚོགས་མི་གཉིས་འཛིན་བཟུང༌།
2009.04.24
༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་ཡིས་ཆབ་སྲིད་ཚོགས་པའི་ཚོགས་མི་གཉིས་འབར་མའི་དྲག་པོའི་གཞུང་གིས་འཛིན་བཟུང་བྱས་པ་དང་ཁོང་གཉིས་ཀྱི་ཆོས་ལུགས་ལ་དམའ་འབེབས་བྱས་པའི་ཉེས་འཛུགས་བྱས་ཡོད་པ་རེད།
དེ་རིང་འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པའི་མགྲིན་ཚབ་པ་ནིཡེན་ལྦིན་ཡིས་རེས་གཟའ་མིག་དམར་ཉིན་ཁོང་ཚོའི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གཞོན་པ་ཆིཏ་པེ་དང་ཚོགས་མི་ཨོང་སོ་ལྦེ་གཉིས་དྲག་པོའི་གཞུང་གིས་འཛིན་བཟུང་བྱས་པ་དང་ཁོང་གཉིས་ནི་འབར་མའི་རྒྱལ་ས་ཡཱང་ཨོན་གྱི་ལྷོ་ཕྱོགས་སུ་མེ་ལེ་ཉི་ཤུ་ཙམ་གྱི་ཕྱོགས་སུ་ཡོད་པའི་ནང་པའི་དགོན་པ་ཞིག་ནང་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་འགྲོལ་ཡོང་བའི་སྨོན་ལམ་གསོལ་འདེབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ནང་མཉམ་ཞུགས་གནང་བའི་རྗེས་འཛིན་བཟུང་བྱས་ཏེ་ཁོང་གཉིས་ཀྱིས་ཆོས་ལུགས་ལ་དམའ་འབེབས་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་གཉིས་ཀྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱ་སྲིད་པའི་སྐོར་གསུངས་ཡོད་པ་རེད། ཉེ་བའི་ཟླ་བ་འགའ་ཤས་ནང་འབར་མའི་དྲག་པོའི་གཞུང་གིས་འབར་མའི་དམངས་གཙོ་དོན་གཉེར་ཅན་བརྒྱ་ཕྲག་མང་པོར་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་པ་མ་ཟད་ཁག་ཅིག་ལ་མི་ལོ་བརྒྱ་ལྷག་གིས་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བསྡོམས་རྩིས་བྱས་ན་ད་ལྟའི་འཆར་འབར་མའི་དྲག་པོའི་གཞུང་གིས་ཆབ་སྲིད་བཙོན་པ་ཉིས་སྟོང་བརྒྱ་ལྷག་བཙོན་འཇུག་བྱས་ཡོད་པ་གསུངས་ཡོད་པ་རེད།