རྔ་བ་ཀིརྟི་དགོན་པའི་གྲྭ་བ་གཉིས་འཛིན་བཟུང་བྱས་ཡོད་པ།
2012.08.25
༄༅༎བོད་ཀྱི་མདོ་སྨད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་། ཀ་ཉག་ཚེ་རིང་གཉིས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་བ་འདིའི་ཚེས་༡༤ ཡས་མས་སུ་རྔ་བ་ཆིག་སྒྲིལ་རྫོང་ཁང་གསར་མ་ནས་ཡིན་པ་རང་ལོ་ ༣༠ ཙམ་ཡིན་པའི་ ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་དང༌། ཟླ་བ་འདིའི་ཚེས་ ༡༧ ཉིན་རྔ་བ་རྫོང་ཕྱུགས་ལས་གོང་མ་ནས་ཡིན་པ་རང་ལོ་ ༤༠་སོན་པ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་གཉིས། རྔ་བ་རྫོང་གི་ཉེན་རྟོག་པས་སྔ་ཕྱིར་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག
ཁོང་གཉིས་བཀག་ཉར་བྱས་པའི་དུས་ཡུན་དེ་དག་གི་རིང་ནང་མི་སྤུན་མཆེད་ཚོས། ཁོང་གཉིས་གར་ཡོད་དང༌འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་ཤེས་རྟོགས་མེད་པ་ཡིན་འདུག དགེ་འདུན་པ་བློ་བཟང་དཀོན་མཆོག་གི་ཕའི་མིང་ལ་མཐར་རྟེན་དང་། ཨ་མའི་མིང་ལ་ཨ་མཚོ། བློ་བཟང་སངས་རྒྱས་ཀྱི་ཕའི་མིང་ལ་རབ་བརྟན་དང་། ཨ་མའི་མིང་ལ་ཡུམ་ཁོ་ཟེར་ཀྱི་ཡོད་འདུག།