ཐའེ་ལྦན་དུ་བོད་ཀྱི་ཆོས་དང་རིག་གཞུང་འགྲེམས་སྟོན།
2010.01.04
༄༅༎ཐའེ་ལྦན་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་གིས་ཐའེ་ལྦན་གྱི་རྒྱལ་ས་ཐའེ་བད་ཀྱི་ཐིའེན་མུའུ་ས་ཁུལ་ནང་ཡོད་པའི་རྒྱལ་སྤྱིའི་སློབ་གྲ་ཞིག་ནང་དུས་ཡུན་གཟའ་འཁོར་གཉིས་རིང་བོད་ཀྱི་ཆོས་དང་རིག་གཞུང་འགྲེམས་སྟོན་དབུ་འཛུགས་གནང་ཡོད་པ་རེད་
བོད་ཀྱི་ཆོས་དང་རིག་གཞུང་འགྲེམས་སྟོན་དེ་བཞིན་ཕྱི་ཟླ་དང་པོའི་ཚེས་བཞི་ཉིན་དབུ་བཙུགས་གནང་ཡོད་པ་དང་འགྲེམས་སྟོན་ནང་གཙོ་བོ་བོད་མིའི་ཆོས་དང་རིག་གཞུང་གི་བརྒྱུད་རིམ་དང་དེ་བཞིན་བཙན་བྱོལ་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་བཞིན་པའི་གནས་སྟངས་སོགས་དཔར་རིས་ཀྱི་རྣམ་པའི་ཐོག་ནས་བཏོན་གནང་ཡོད་ཅིང་དེའི་ནང་ནས་གཙོ་བོ་བོད་ཀྱི་ལོ་རྒྱུས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དབར་གྱི་འབྲེལ་བ་ བཙན་བྱོལ་དུ་ཡོད་པའི་བོད་པའི་སློབ་གྲ་ཁག་གི་གནས་སྟངས་ བཙན་བྱོལ་བོད་གཞུང་ངོ་སྤྲོད་ དེ་བཞིན་རྒྱ་གར་ནང་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་སོགས་དང་དེ་མིན་བོད་ཀྱི་ཐང་ག་སོགས་མང་པོ་ཞིག་འགྲེམས་སྟོན་ནང་བཏོན་གནང་ཡོད་འདུག འགྲེམས་སྟོན་གོ་སྒྲིག་གནང་མཁན་བཙན་བྱོལ་བོད་གཞུང་ཐའེ་ལྦན་སྐུ་ཚབ་དོན་གཅོད་ལས་ཁང་གིས་ད་རེས་ཀྱི་འགྲེམས་སྟོན་དེ་བརྒྱུད་ནས་ཐའེ་ལྦན་ནང་ཡོད་པའི་ཨ་རིའི་སློབ་གྲའི་སློབ་ཕྲུག་ཚོས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུས་མངའ་དང་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་རེད་ ཐའེ་བད་ཨ་རིའི་སློབ་གྲའི་སྤྱི་ཁྱབ་སྐུ་ཞབས་ཌེ་ལྦི་ཌི་སྦེཇ་ལི་ཡིས་ད་རེས་བོད་ཀྱི་ཆོས་དང་རིག་གཞུང་འགྲེམས་སྟོན་དེར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་ཡོད་ཅིང་ཁོང་གིས་གསུང་ན་སློབ་གྲ་དེ་༡༩༤༩ལོར་ཐོག་མར་གསར་བཙུགས་གནང་སྐབས་སློབ་ཕྲུག་བརྒྱད་ལས་མེད་པ་དང་ད་ཆ་སློབ་གྲ་དེར་སློབ་ཕྲུག་ཉིས་སྟོང་ལྷག་ཡོད་ཅིང་སློབ་གྲ་དེ་བཞིན་སྒེར་གྱིས་བཙུགས་པའི་རྒྱལ་སྤྱིའི་སློབ་གྲ་ཞིག་ཡིན་པ་དང་སློབ་གྲ་དེའི་ནང་རྒྱལ་ཁབ་སུམ་ཅུ་ལྷག་ཙམ་ནས་ཡིན་པའི་སློབ་ཕྲུག་ཡོད་པ་རེད་།