བཙན་བྱོལ་བོད་མི་གཞོན་སྐྱེས་དང་བེུད་ཀྱི་བསམ་ཚུལ་།
2012.02.13
༄༅༎རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་བོད་རིགས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཐུན་མོང་གིས་རེས་གཟའ་པ་སངས་ཉིན་དལྟའི་བོད་ནང་གི་ཛ་དྲག་གི་དཀའ་སྡུག་གི་གནས་སྟངས་སྐོར་ཚོགས་འདུ་ཞིག་འདུ་བསྐོངས་གནང་ཡོད་པ་རེད་ ཚོགས་འདུ་དེར་ཕེབས་པའི་བོད་མི་རྣམས་ཀྱིས་བོད་ནང་དེང་སྐབས་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་དང་རང་ལུས་མེར་བསྲེག་བཏང་དང་གཏོང་བཞིན་པ་དེར་རྒྱ་གཞུང་གིས་དྲག་གནོན་བྱས་པའི་གནས་ཚུལ་དེ་དག་ཐོག་ཅི་བྱ་ལྟོས་མེད་ཀྱི་གནས་སུ་གྱུར་ནས་ཡིད་གདུང་ཆེན་པོ་ཡོད་པའི་རྣམ་འགྱུར་གསལ་ཐོན་བྱུང་ཡོད་པ་རེད་ བོད་རིགས་གཞོན་སྐྱེས་ཤིག་གིས་ངོས་རང་ད་བར་མི་ཚེའི་ནང་མིག་ཆུ་ཤོར་མ་མྱོང་། ངོས་རང་ནང་གི་ཕ་མ་བཞག་ནས་རྒྱ་གར་དུ་སློབ་སྦྱོང་དུ་ཡོང་སྐབས་ཡང་མིག་ཆུ་ཤོར་མ་སོང་། ཡིན་ནའང་འདས་པའི་ཟླ་བ་འགའ་ཤས་ནས་མིག་ཆུ་མང་པོ་ཤོར་སོང་ཞེས་གསུང་འདུག ཁོང་གིས་ངོས་རང་ངུ་ཡས་དེ་བོད་ནང་གི་དལྟའི་ཡ་ང་བའི་གནས་སྟངས་དེར་ཡིད་གདུང་བ་ཙམ་མ་ཟད་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་སེལ་རྒྱུར་གང་ཡང་བྱེད་མ་ཐུབ་པ་དེར་ངུ་ཤོར་སོང་ཞེས་གསུང་འདུག གོང་ཞུས་གཞོན་སྐྱེས་དེའི་ཚོར་བ་དེ་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་དེར་ཕེབས་པ་མང་ཆེ་བའི་ཚོར་སྣང་དེ་ལྟར་བྱུང་བ་མ་ཟད་ཁོང་ཚོས་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་ནང་གི་བོད་མི་རྣམས་ཀྱི་ཐུགས་རེ་དེ་བསྐངས་ཐུབ་མེད་པའི་དགོངས་འཆར་ཡང་བྱུང་ཡོད་པ་རེད་ ཡང་ཚོགས་འདུ་དེར་ཕེབས་མཁན་བོད་མི་གཞན་ཞིག་གིས་ངོས་རང་མེག་ལོར་ཁྲོམ་གཞུང་ནང་ཡར་མར་མར་མེ་ཁྲོམ་བསྐོར་བྱེད་རྒྱུ་དེར་ཐང་ཆད་སོང་ ད་ལྟའི་དུས་ཚོད་དེར་ང་ཚོའི་འགོ་འཁྲིད་ཚོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་བ་རྒྱལ་ས་ལྡི་ལི་ལྟ་བུར་ལས་འགུལ་གཞི་རྒྱ་ཆེ་བ་དང་དེ་མིན་ཕྱི་ལོ་ ༢༠༠༨ ལོའི་བོད་བར་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་དེ་འདྲ་སྤེལ་དགོས་པའི་དུས་ལ་བབས་འདུག་ཅེས་གསུང་འདུག ཡང་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བཟོད་པ་ཟེར་བ་ཞིག་གིས་ཟླ་བ་འདིའི་ནང་ལས་འགུལ་གཞི་རྒྱ་ཆེ་ལ་རྣོ་ངར་ལྡན་པ་ཞིག་ཡོང་རྒྱུ་དང་དེའི་ཞིབ་ཆའི་གནས་ཚུལ་དལྟའི་འཆར་ཁོང་གི་ཤེས་རྟོག་མེད་སྐོར་གཏམ་བཤད་བྱས་ཡོད་པ་རེད་ གོང་ཞུས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་དེར་ཕེབས་མཁན་རྣམས་ཀྱི་རང་རང་སོ་སོའི་དགོངས་ཚུལ་གང་ཡིན་བྲིས་གནང་ནས་བཞུགས་སྒར་གྱི་ཁྲོམ་གཞུང་ནང་སྦྱར་འགྲེམས་ཡང་གནང་ཡོད་པ་རེད་།