བོད་མི་གསུམ་གྱིས་ཟས་བཅད་ངོ་རྒོལ་མུ་མཐུད་སྤེལ་བཞིན་པ།
2012.09.08
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཟས་བཅད་ངོ་རྒོལ་བྱེད་མཁན་བོད་མི་གསུམ་ལ་རྒྱ་གར་ཉེན་རྟོག་པས་དམ་དྲག་དང་རྨས་སྐྱོན་ཕོག་ཡོད་ནའང་མུ་མཐུད་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག
ཟླ་བ་འདིའི་ཚེས་༣་ནས་འགོ་བཙུགས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་ཇར་དར་མན་དར་ཞེས་པ་དེར། བོད་ནང་གི་རང་ལུས་མེ་སྲེག་གཏོང་མཁན་སོགས་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོབ་དང་། གདུང་སེམས་མཉམ་སྐྱེད་ཞུ་ཆེད་དམིགས་ཏེ་དགོས་འདུན་བཞི་དང་འབོད་སྐུལ་གཅིག་ཆ་རྐྱེན་འོག དུས་ཚོད་ངེས་ཀྱི་ཟས་བཅས་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་རྒྱ་གར་ཉེན་རྟོག་པས་ས་ཆ་དེར་ཉིན་མོ་མ་གཏོགས་མཚན་མོ་སུས་ཀྱང་དེར་ལས་འགུལ་སྤེལ་མི་ཆོག་པའི་ཁྲིམས་ཡོད་ལུགས་ཀྱིས། མཚན་མོ་ཉེན་རྟོག་པས་མོ་ཊ་ནང་ཕར་ཁུར་བ་དང་། ཉིན་མོ་ཚུར་གློད་པ་སོགས་ཐེངས་འགར་བྱས་རྗེས། མོ་ཏ་རྡབ་སྐྱོན་ཀྱིས་ཁོང་གསུམ་ལ་རྨས་སྐྱོན་གང་འཚམས་ཕོག་ཡོད་འདུག
འོན་ཀྱང་ཟས་བཅད་བ་གསུམ་པོ་བཙོན་ཁང་དང་སྨན་ཁང་གང་དུ་ཁུར་ཡང་མུ་མཐུད་ནས་ཟད་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག