བོད་ཀྱི་གཞོན་ལྷན་ཚོགས་མིས་ལྡི་ལིར་ཟས་བཅད་ངོ་རྒོལ།
2011.05.05
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་སྐུ་གཟུགས་སྐྱོ་པོ་ཆགས་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་བཀྲིས་ལྷ་དར་དང་། བསྟན་འཛིན་ནོར་བཟང༌། དཀོན་མཆོག་ཡར་འཕེལ་བཅས་ནས་བོད་ཀྱི་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་ནས་དམ་བསྒྲཌ་ཇེ་ཤུགས་ཆེ་རུ་བཏང་ནས་མི་མང་ཚོར་སྡུག་སྦྱོང་ཚད་མེད་བཏང་བ་དང་། ལྷག་པར་དུ་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་འཛིན་བཟུང་དོ་དམ་བྱས་པ་སོགས་ལ་ངོ་རྒོལ་མཚོན་ཆེད་རྒྱལ་ས་ལྡི་ལིའི་ནང་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ཀྱི་ལས་འགུལ་སྤེལ་ནས་ད་ཆ་ཉིན་གྲངས་བཅུ་གཅིག་ཙམ་འགྲོ་གི་ཡོད་པར་བརྟེན་གནམ་གཤིས་ཚ་བ་ཧ་ཅང་ཆེན་པོ་ཡོད་པ་སོགས་ཀྱིས་ཁོང་གསུམ་གྱི་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་རུ་འགྲོ་བཞིན་་ཡོད་འདུག དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས། རྒྱ་ནག་གཞུང་ནས་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་བརྒྱ་ཙམ་འཛིན་བཟུང་དོ་དམ་དང་། རྒན་ཁོག་གཉིས་དམར་བསད་བཏང་བ། དགོན་པའི་མཐའ་བསྐོར་དམག་མི་དཔུང་འཇོག་བྱས་པ་བཅས་ནི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་རེད། དེ་འདྲ་ཡིན་དུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རོགས་གནང་ཞུ་རྒྱུ་དང་། རིང་མིན་ཨ་རི་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལོ་འཁོར་ཚོགས་འདུ་བསྐོངས་ཚོགས་གནང་བའི་སྐབས་སུའང་གླེང་སློང་་ངེས་པར་དུ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་དང་ཕྱོགས་མཚུངས་ཁ་ས་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་རང་ལུས་མེར་བསྲེགས་བཏང་ནས་ཉིན་གྲངས་བཞི་བཅུ་ཞེ་དགུ་འཁོར་བའི་སྐུ་ཚིགས་བདུན་པ་འཁེལ་གྱི་ཡོད་པའི་ཆ་ནས་བོད་ཀྱི་གཞོན་ནུའི་ས་གནས་གང་སར་མཆོད་འབུལ་དང་མར་མེའི་འཁྲོམ་བསྐོར་ཞུས་ཡོད་པ་རེད།
ཡང་དབུས་གཞོན་ནུའི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་ཨ་རིའི་གཞུང་ཚབ་ཁང་གི་རྒྱལ་སྤྱིའི་ལས་དོན་ཚན་པའི་འབྲེལ་ཡོད་དང་མཇལ་འཕྲད་གནང་ནས་རྔ་པ་ཀིརྟི་དགོན་པའི་གནས་སྟངས་སྐོར་ཞུས་པ་མ་ཟད་ཁོང་གིས་ཀྱང་ཐུགས་འཚབ་ཡོད་ལ་ཨ་རིའི་ཐོག་ནས་གནད་དོན་དེའི་ཐོག་རྟོག་ཞིབ་གནང་བཞིན་ཡོད་ལུགས་གསུངས་ཡོད་པའི་གནས་ཚུལ་འདུག