གཞོན་ནུའི་སྒྲིག་གཞི་རྩ་ཆེན་པོ་དང་བརྩི་འཇོག་གལ་ཆེན་པོ་ཡིན་ཟེར།
2015.07.27
བལྟ་བ་དང་ལངས་ཕྱོགས་ལ་ཡིད་ཆེས་མེད་ན་གཞོན་ནུའི་སྒྲིག་འཛུགས་ནང་བཞུགས་པ་ལས་མ་བཞུགས་ན་ཡག་གི་རེད་ཅེས་ཚོགས་གཙོས་གསུངས་བ།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦་པའི་དབུ་འབྱེད་མཛད་སྒོ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་ནང་། འདི་ཟླའི་ཚེས་༢༤་ཉིན་དབུ་ཚུགས་མཛད་སྒོ་གནང་ཡོད་པ་དང་། སྐབས་དེར་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བཀའ་སློབ་གནང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བར་དབུས་གཞོན་ནུའི་འོག་གནས་ཐབས་མེད་སྐོར་གྱི་ཡི་གེ་ཞིག་འབྱོར་བ་དེའི་སྐོར་གསུངས་དོན། སྤྱིར་ང་ཚོ་གཞོན་ནུ་ལྷན་ཚོགས་དབུས་ས་ཐུན་མོང་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དང་། ས་གནས་གཞོན་ནུ་ཁག་ཡིན་ན་ཡང་སྔ་ཕྱི་བར་གསུམ་དུ་སྒེར་གྱི་ལས་དོན་མང་པོ་ཞིག་བློས་གཏོང་གིས་བོད་སྤྱི་པའི་ལས་དོན་ཐོག་ལ་ནུས་པ་སྤུངས་ནས་གང་འཚམ་གྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་པ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ད་ལྟ་ང་ཚོའི་ས་གནས་ཁག་ཅིག་སྒྲིག་འཛུགས་ནས་མར་ཐོན་བཞིན་པ་དེ་བློ་ཕམ་གྱི་གནས་ཚུལ་ཞིག་རེད། གཞོན་ནུའི་སྒྲིག་གཞི་དེ་ཧ་ཅང་རྩ་ཆེན་པོ་རེད། དེ་ལ་བརྩི་འཇོག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མ་གཏོགས་དེ་ཁ་ལག་ནང་བཞིན་རང་གི་འདོད་པ་བཞིན་འདེམས་སྒྲུག་བྱས་ན་འགྲིག་གི་མ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བལྟ་བ་དང་ལངས་ཕྱོགས་ལ་ཡིད་ཆེས་མེད་ན་གཞོན་ནུའི་སྒྲིག་འཛུགས་ནང་བཞུགས་པ་ལས་མ་བཞུགས་ན་ཡག་གི་རེད་ཅེས་གསུངས་འདུག
གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦་པ་དེའི་ནང་ས་གནས་ཁག་༣༠་ཙམ་ནས་སྐུ་ཚབ་འཐུས་མི་༡༢༠་ལྷག་ལྷན་བཞུགས་གནང་བ་རྣམས་ཀྱིས་གྲོས་གཞི་དོན་ཚན་གཙོ་བོ་༡༡་ཐོག་བཀའ་བསྡུར་གནང་བཞིན་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།