ལི་བི་ཡ་ཞི་བའི་མི་དམངས་ལ་དྲག་གནོན་མཚམས་འཇོག་དགོས།
2011.02.22
༄༅༎དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དབུ་ཁྲིད་ཀྱིས་ལི་བི་ཡ་གཞུང་གིས། ཞི་བའི་མི་དམངས་ཀྱི་ཐོག་ལ་དྲག་པོའི་རྒོལ་རྡུང་གཏོང་བའི་བྱ་སྤྱོད་དེ་ནི་མི་ཆོས་རིང་ལུགས་དང་མི་མཐུན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་འགྱུར་ཉེན་ཡོད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་འགན་འཛིན་ལྕམ་ན་ལྦི་པི་ལེ་ཡིས་གསལ་བསྒྲགས་ཤིག་སྤེལ་ཏེ། ལི་བི་ཡ་གཞུང་གི་དཔོན་རིགས་ཚོས། ཞི་བའི་མི་དམངས་ཀྱི་ཐོག་ལ་གོ་རིམ་ལྡན་ལ་གཞི་རྒྱ་ཆེ་བའི་དྲག་གནོན་བྱེད་ཀྱི་ཡོད་པ་གསུང་སྟེ། རྔམ་སྟོན་ངོ་རྒོལ་བྱེད་མཁན་མི་དམངས་ཐོག་ཁྲིམས་མཐུན་མ་ཡིན་པའི་དྲག་པོའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་དང༌། ལི་བི་ཡ་ གཞུང་གི་དཔོན་རིགས་དང༌། ཁོང་ཚོར་རྒྱབ་སྐྱོར་བྱེད་མི་ཚོས་ཞི་བའི་རྔམ་སྟོན་ངོ་རྒོལ་བྱེད་མིའི་ཐོག་མེ་འཕེན་གྱི་བྱ་ཐབས་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡོད་པ་བརྟེན་ནས། མིའི་ཚེ་སྲོག་མང་པོ་ཤོར་རྒྱུ་ཡིན་པ་བློ་འཚབ་ཧ་ཅང་གི་ཆེན་པོའི་གནས་སུ་གྱུར་ཡོད། ངོས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་རུབ་ཀྱིས་ལི་བི་ཡའི་གཞུང་གི་བྱ་སྤྱོད་ལ་ཁ་རྡུང་དང་སྐྱོན་བརྗོད་བྱེད་དགོས་པ་དང༌། དྲག་གནོན་དེའི་འོག་གོད་ཆགས་ཕོག་པའི་མི་དམངས་སྟོང་ཕྲག་མང་པོ་ཡོད་པ་དེ་ཚོར་དྲང་བདེན་ཡོང་བའི་འགན་ལེན་སྐྲུན་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད། ད་དུང་ཁོང་གིས། ལི་བི་ཡ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་འགལ་འཛོལ་བྱེད་པའི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་དང༌། རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་པ་འཕྲལ་དུ་རྒྱལ་ཁབ་ནང་དུ་ངོ་རྒོལ་བྱེད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ཇི་ལྟར་ལག་བསྟར་བྱས་ཡོད་མེད་ཀྱི་ཐོག་ལ་ཞིབ་འཇུག་བྱེད་དུ་འགྲོ་རུ་འཇུག་དགོས་ཞེས་འབོད་སྐུལ་གནང་བ་དང་ཆབས་ཅིག་ལི་བི་ཡ་མི་དམངས་ཚོས་གཞུང་གི་དྲག་གནོན་ལ་འཇིགས་ཞུམ་མེད་པར་མུ་མཐུད་གདོང་ལེན་བྱེད་བཞིན་པ་དེར་སྔགས་བརྗོད་གནང་ཡོད་པ་རེད།