ཨ་རི་དང་རྒྱ་གར་གྱིས་རྡུལ་ཕྲན་ཉིང་ཁུ་མཁོ་འདོན་བྱེད་ཕྱོགས།
2010.03.30
༄༅༎ཨ་མི་རི་ཀ་དང་རྒྱ་གར་གཉིས་ཀས་རྡུལ་ཕྲན་ཉིང་ཁུ་མཁོ་འདོན་བྱེད་ཕྱོགས་ཀྱི་གནད་དོན་ཐད་ཕྱོགས་ཕན་ཚུན་དབར་མོས་མཐུན་གཏན་འབེབས་བྱུང་བ་གཟའ་ཟླ་བའི་ཉིན་གསལ་བསྒྲགས་གནང་ཞིང་འདི་ནི་ཨ་མི་རི་ཀ་དང་རྒྱ་གར་དབར་བཞག་པའི་རྡུལ་ཕྲན་མཉམ་འབྲེལ་གྱི་ཆིངས་དོན་ལག་བསྟར་བྱ་རྒྱུར་འཕྲད་བཞིན་པའི་འགོག་རྐྱེན་ཆེ་གྲས་ཤིག་སེལ་ཐུབ་པ་མཚོན་གྱི་ཡོད་པ་རེད།
འདས་པའི་ཟླ་བ་དགུ་ཙམ་རིང་ཕྱོགས་ཕན་ཚུན་དབར་གྲོས་བསྡུར་རིམ་པ་བྱས་པའི་མཇུག་འབྲས་སུ་བཞག་པའི་མོས་མཐུན་ཆིངས་ཡིག་དེ་གཞིར་བཟུང་ལྟར་ན་ རྒྱ་གར་གྱི་ངོས་ནས་ཨ་མི་རི་ཀའི་ནང་རྡུལ་ཕྲན་གྱི་ཉིང་ཁུ་མཁོ་འདོན་གྱིས་རྒྱ་གར་དུ་འོར་འདྲེན་ཆོག་རྒྱུ་ཡིན་ཞིང་ ད་བར་ཨ་མི་རི་ཀའི་གཞུང་གིས་ཡོ་རོབ་མཐུན་ཚོགས་ཀྱི་ཡུལ་གྲུ་དང་ཉེ་ཧོང་ལ་མ་གཏོགས་རང་གི་རྒྱལ་ཁབ་ནང་རྡུལ་ཕྲན་གྱི་ཉིང་ཁུ་མཁོ་འདོན་ཆོག་པའི་ཆོག་མཆན་སུ་ལ་ཡང་སྤྲོད་ཀྱི་མེད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕི་ལིབ་ཁ་རའོ་ལིས་གསར་འགོད་པར་མོས་མཐུན་ཆིངས་ཡིག་དེས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་གཞི་རྒྱ་ཆེ་ལོས་དང་གཏིང་ཟབ་ལོས་དེ་བཞིན་འབྲེལ་ལམ་རྒྱ་སྐྱེད་ཇི་ཙམ་བྱུང་ཡོད་མིན་མཚོན་ཐུབ་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
ཡང་རྒྱ་གར་གཞུང་གི་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་རྒྱ་གར་དང་ཨ་མི་རི་ཀའི་ངོས་ནས་ཡུལ་གྲུ་གཉིས་དབར་རྒྱ་གར་གྱི་ཞི་བའི་ལས་དོན་ཐད་ཀྱི་རྡུལ་ཕྲན་ལས་འཆར་ཐད་མཉམ་འབྲེལ་བྱ་རྒྱུར་བཞག་པའི་ཆིངས་ཡིག་ལག་བསྟར་བྱ་རྒྱུར་གོམ་པ་མདུན་སྤོས་ཆེན་པོ་ཞིག་བརྒྱབ་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
ཕྱི་ལོ་༢༠༠༨ལོར་ཨ་མི་རི་ཀ་དང་རྒྱ་གར་དབར་རྡུལ་ཕྲན་ལས་འཆར་ཐད་མཉམ་འབྲེལ་བྱེད་རྒྱུར་མོས་མཐུན་བྱུང་ཞིང་འོན་ཀྱང་ཆིངས་དོན་དེ་ལག་བསྟར་བྱ་རྒྱུར་ཕྱོགས་གཉིས་ཀའི་ངོས་ནས་སེལ་དགོས་པའི་འགོག་རྐྱེན་མང་དག་ཅིག་ཡོད་པ་དེ་དག་ཡོངས་སུ་སེལ་མ་ཐུབ་པར་བརྟེན་ ཨ་མི་རི་ཀའི་ཁེ་གཉེར་ལས་ཁང་ཁག་ལ་ཆིངས་དོན་དེའི་ཐོག་ནས་དངོས་སུ་ད་བར་དཔལ་འབྱོར་གྱི་ཕན་ཐོགས་གང་ཡང་བྱུང་མེད་ཅིང་ར་ཤི་ཡ་དང་ཕེ་རན་སི་གཉིས་ནས་རྒྱ་གར་ལ་ཆེས་མཁོ་བའི་རྡུལ་ཕྲན་གློག་ཤུགས་ཀྱི་ཁྲོམ་རའི་ནང་ཚོང་ལས་ཆེན་པོ་སྤེལ་བཞིན་ཡོད་པ་རེད།